R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 48
[A:48]ལས་འབྱུང་བས་འདིར་མེད་ཀྱང་མན་ངག་མ་ཚང་བའི་སྐྱོན་མེད་ལ། ཅི་ནས་ཀྱང་བྲི་བར་བྱེད་ནའང་དམར་གྱི་ཡི་གེ་དག་གི་གསེབ་ཏུ་བགྲང་བར་བྱ་བ་ཡིན་པའི་ཕྱིར་དང༌། གགས་སེལ་གྱི་ཡི་གེ་བཞིའི་ཞལ་གདམས་ནི། རྣལ་འབྱོར་གྱི་ཕྲིན་ལས་སོ་གཉིས་ངོས་འཛིན་པ་ན། ལུས་ཀྱི་ཕྲིན་ལས་ཉི་ཤུ། རླུང་གི་བདུན། ཐུན་མོང་གི་ཕྲིན་ལས་ལྔ་ཞེས་སོགས་འདིར་མ་གྲགས་ཤིང༌། ཞྭ་མའི་ལུགས་ལ་གྲགས་པ་མང་དུ་སྣང་བས་རང་གཞན་གྱི་ལུགས་མ་ཕྱེད་པར་སྣང་བའི་ཕྱིར་དང༌། བླ་མ་དམ་པ་ལ་ཞྭ་མའི་ལུགས་ཀྱི་ཕྱག་དཔེ་ཡོད་པས་དེས། ཐུན་མོང་མིན་པར་མི་འགྲུབ་པའི་ཕྱིར་དང༌། སྦས་བཤད་འཕྲུལ་འཁོར་སོ་གཉིས་ནི། མང་ཁར་བྱ་ཚ་ལུང་པའི་བླ་མ་རྒྱལ་མཚན་འབུམ་ལ་བླ་མ་དམ་པས་གསན་ཏེ་ཕྱིས་བྱུང་བ་ཡིན་པས་མེད་མི་རུང་བའི་རྩ་བའི་མན་ངག་མ་ཡིན་པའི་ཕྱིར་དང༌། བིརྺ་པ་དང་ས་ཆེན་མཇལ་བའི་ལོ་རྒྱུས་རྗེ་བཙུན་གྱིས་སྒ་ཐེང་ལ་བསྐུར་བ་ཡིན་ཟེར་བ་ནི། དེང་སང་གི་དབང་རྒྱུད་གདམས་ངག །བསམ་གྱིས་མི་ཁྱབ་པ་ཇི་སྙེད་པ། ས་ཆེན་གྱིས་རྗེ་བཙུན་སྐུ་མཆེད་ལ་བརྒྱུད་དེ་བརྒྱུད་པ་འདེད་པ་དང༌། ཡི་གེ་དེར་བིརྺ་པ་དང་མཇལ་ལུགས་ཙམ་ཡང་གཏན་མ་ཐོས་པར་རྗེས་སུ་གཞན་ལ་དྲི་དགོས་པ་བྱུང་ཞིང༌། དེའང་བྱིས་པ་འདི་ཚོ་ཁྱེད་ལ་འདྲི་བའི་དུས་གཅིག་འོང་གི་དེ་ཙ་ན་བཟློས་གསུང་ཟེར་བ་ཤིན་ཏུ་འགལ་ཏེ། རྣམ་འཇོམས་བིར་ལུགས་སོགས་རྣལ་འབྱོར་དབང་ཕྱུག་ཁོ་ན་ལ་དངོས་སུ་གསན་པའི་གདམས་ངག་བསམ་གྱིས་མི་ཁྱབ་པ་རྣམས་བརྒྱུད་པ་གང་ལས་བརྒྱུད་ཙམ་ཡང་རྩད་གཅོད་དཀའོ། །ས་པཎ་གྱི་ཁྲིད་ཀྱི་དཀར་ཆག་ནི་ངན་རྟོག་གིས་སྤངས་པར་སྣང་མོད། བཀའ་སྒྲུབ་ཀྱི་སྐབས་སུ་ཚད་མར་བསྒྲུབས་ཟིན་པའི་ཕྱིར་དང༌། ཟངས་ཚའི་ཡི་གེ་སོགས་མེད་མི་རུང་གི་ཡི་གེ་དུ་མ་ནི་གཞན་དག་གི་སྤྱོད་ཡུལ་དུ་མ་གྱུར་པར་ཟད་པའི་