R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 4
[A:4]ཚོགས་རྣམས་དང༌། རྫོགས་པའི་སངས་རྒྱས་རབ་བྱུང་གི་ཆ་ལུགས་ཅན་རྣམས་དང༌། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། འཕགས་པ་ཉན་རང་དགྲ་བཅོམ་པ་རྣམས་དང༌། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་རྡུལ་ཕྲན་རེ་རེའི་སྟེང་ན། རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ན་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་མཛད་པ་རྣམས་དང༌། འཛིན་མའི་དཀྱིལ་འཁོར་ཆེན་པོ་འདི་ཡང་ནམ་མཁའི་མཐའ་དང་མཉམ་པར་བྱིན་གྱིས་བརླབས་པའི་གཞི་ལ། རིགས་ཅན་གསུམ་གྱི་རིགས་ངེས་པར་སད་པའི་སྐལ་བ་ཅན་གདུལ་བྱ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ། བརྗོད་དུ་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལས་བསྒྲེས་པའི་གྲངས་ཀྱིས་མཆོད་པར་མི་ནུས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཀྱིས་ཁྲུས་ཕྱག་གོས་གཙང་མ་གྱོན། ལུས་ལོངས་སྤྱོད་མཎྜལ་དང་བཅས་པ་ཕལ་ཆེན་ནས་གསུངས་པའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཕུལ། སྙིམ་པ་མེ་ཏོག་གིས་གང་བ་སྙིང་གར་སྦྱར་ནས། རབ་ཏུ་དམའ་བའི་སྟན་ལ་འདུག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་ཆོས་ཉན་ནོ། །སྐྱེས་རབས་ལས་འབྱུང་ངོ༌། །ཕལ་ཆེན་ལས། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ལ་ནི་ནད་སེལ་བའི་འདུ་ཤེས་ཀྱིས། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ལན་གསུམ་བཏབ་ནས། ལུད་པ་བསལ་བའི་སྒྲ་ཙམ་ཡང་མེད་པར་ཉན་ཅིང༌། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་པའི་དོན། སྣོད་ཁ་སྦུབ་དང༌། དྲི་མ་ཅན་དང༌། ཞབས་རྡོལ་གྱི་དཔེ་གསུམ་གྱིས་དབེན་པར་འཆད་