[A:༤༤༧]ཤེས་རྒྱལ་མཚན་པ་དང༌། སློབ་དཔོན་བུདྡྷ་ཤྲཱི་གཉིས་ཀ་ལ་ཞུས་ཤིག་གསུངས་པ་གསན་པ་དང༌། ཆོས་རྗེ་བུདྡྷ་བའི་དྲུང་དུ་གཤེགས་པའི་དགེ་བཤེས་དང་གསུང་གླེང་བྱུང་བས། ཆོས་རྗེ་བུདྡྷ་བ་དེ་དགེ་བའི་བཤེས་གཉེན་མཐའ་ཡས་པ་ཅིག་འདུག་ཟེར་བས། ཆོས་རྗེ་བུདྡྷ་བའི་དྲུང་དུ་ལམ་འབྲས་གསན་པར་དགོངས་ཏེ། བྱི་བའི་ལོ་ལ་ཞི་དགོན་དུ་བྱོན་པས། སྔར་ཆོས་འཁོར་སྒང་དུ་མནལ་ལམ་དུ་བྱུང་བའི། རི་བོར་དང༌། དང་ར་དང༌། ཁང་པ་རྣམས་ཇི་ལྟ་བ་བཞིན་དུ་འདུག་པའི་སྐས་ལ་འཛེགས་བྱོན་པས། སྐས་མགོ་ན་སློབ་དཔོན་ཉི་མ་ཟེར་བ་སྔར་མནལ་ལམ་དུ་བྱུང་བའི་རྣམ་པ་ཇི་ལྟ་བ་བཞིན་བྱས་པ་ཅིག་གིས་སྤོས་སྣ་བྱས་བྱོན་པས། མཚམས་ཤིག་གི་དབུས་ཞལ་ལྷོ་བསྟན་ཅིག་ན། ཆོས་རྗེ་བུདྡྷ་བ་བེར་ཐུལ་རྙིང་པ་ཅིག་བསྣམས་ནས་བཞུགས་འདུག་པ་དང་མཇལ་བས། སྔར་གྱི་མནལ་ལམ་དྲན་པ་དང༌། དེ་ཉིད་དུ་དད་གུས་བསམ་གྱིས་མི་ཁྱབ་པ་བྱུང་བས་ལུས་ཉམས་མནན་གྱིས་མི་ནོན་པ་ལྟ་བུ་བྱུང་ཡང༌། ཐུགས་དྲན་འཛིན་ཆེན་པོ་མཛད་པས་ནོན་ཙམ་བྱུང༌། དེ་ནས་མཚམས་དེའི་ཤར་འགུག་ཅིག་ན་བཞུགས་གདན་ཅིག་མཛད་འདུག་པ་ལ་བཞུགས་ནས། འཕྲོས་གཏམ་དང་ཞུས་ལན་མང་དུ་གནང་ངོ༌། །དེ་ནས་ཞི་དགོན་དུ་བྱི་ལོའི་འཕྲོ་དང་གླང་ལོ་གཉིས་བཞུགས། སྟག་ལོ་ལ་ཆོས་རྗེ་བུདྡྷ་བ་ས་སྐྱར་བྱོན་ནས། ས་སྐྱ་ས་བཟངས་གཉིས་སུ་ཟླ་བ་དགུ་བཞུགས་པ། དེའི་བར་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ལ་སོགས་པ་ཆོས་རྗེ་བུདྡྷ་བ་ཉིད་ལ་མངའ་བའི་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གསན་ཏེ། དེ་ཡང་ལམ་འབྲས་དང་འབྲེལ་པའི་དབང༌། བཤད་པ། ཉམས་ཁྲིད། གེགས་སེལ་ལ་སོགས་པ་མན་ངག་ཕྲ་མོ་ཚུན་ཆད་མ་ལུས་པར་གསན་ཅིང་ཉམས་སུ་བླངས་ནས། ཉམས་སུ་མྱོང་སྟེ་སྙན་བརྒྱུད་བཞིས་གདམས་པ་ཡིན་ནོ། །དེ་བཞིན་དུ་ལམ་སྐོར་རྣམས་དང༌། ཞར་བྱུང་གི་མན་ངག་དང་བཅས་པ་གསན་ཅིང༌། གཞན་ཡང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད། བཤད་པ་