[A:༤༣༢]༄༅། །སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།
རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ཀུན་འབྱུང་ཚུལ་ཁྲིམས་ས་གཞིར་བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས། །གསུང་རབ་མཁའ་ལ་ཐོས་བསམ་སྤྲིན་ཚོགས་ལུང་རིགས་སྙན་པའི་འབྲུག་སྒྲ་ཅན། །བསླབ་གསུམ་རིམ་གཉིས་ཟིམ་བུའི་ཆར་བབས་སྐལ་ལྡན་རྨ་བྱའི་ཚོགས་རབ་དགའ། །དོན་གཉིས་ལོ་ཏོག་བཟང་པོ་མཐར་ཕྱིན་བླ་མའི་ཞབས་ཀྱི་པདྨོར་འདུད། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །རྨོངས་པའི་མུན་པ་དྲུང་ནས་རབ་འབྱིན་བདེ་གཤེགས་བསྟན་པའི་སྒྲོན་མེ་འཛིན། །དམིགས་མེད་ཐུགས་རྗེས་གཞན་དོན་ལ་དགའ་རྒྱ་ཆེན་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་བཟང་པོའི་ནོར་བུ་རིན་ཆེན་སྐྱེ་དགུའི་གཙུག་ན་མཛེས་ལ་འདུད། །ཤེས་བྱ་ཀུན་ལ་ལེགས་སྦྱངས་མཐར་ཕྱིན་ནས། །མཁས་རྣམས་དགའ་བའི་འཆད་རྩོད་རྩོམ་པ་ཡིས། །བསྟན་པའི་ཁུར་ཆེན་རིང་དུ་ཁྱེར་བ་པོ། །ཕྱོགས་ལས་རྣམ་རྒྱལ་བཟང་པོའི་ཞབས་ལ་འདུད། །དེ་ཡི་རྣམ་ཐར་མཐའ་དག་སུ་ཡིས་སྤོབས། །རྒྱ་མཚོ་ཆེ་ལས་ཆུ་ཡི་ཐིགས་པ་ལྟར། །དིང་སང་ཡོངས་གྲགས་ཕྲིན་ལས་རྒྱ་མཚོ་ལས། །ཆ་ཤས་ཙམ་ཅིག་དང་བས་འདིར་བརྗོད་བྱ། །འདིར་བདག་ཅག་གི་འདྲེན་པ་དམ་པ་བསྟན་པ་རིན་པོ་ཆེའི་མངའ་བདག །གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པའི་བང་མཛོད་རྗེ་བཙུན་མཁྱེན་རབ་ཀྱི་དབང་ཕྱུག་ཀུན་དགའ་བཟང་པོ་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ནི། ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་བརྙེས་པར་གདོན་མི་ཟ་མོད། འོན་ཀྱང་དིང་སང་གི་སྐྱེ་བོ་རྣམས་ཀྱི་སྣང་ངོ་དང་མཐུན་པར་ཚུལ་བཟུང་བ་འདིའི་དབང་དུ་བྱས་པའི་རྣམ་པར་ཐར་པ་ཅུང་ཟད་ཅིག་བརྗོད་པར་བྱ་བ་ལ་གཉིས་ཏེ། རབ་ཏུ་མ་བྱོན་པ་དང༌། རབ་ཏུ་བྱོན་པའི་རྣམ་པར་ཐར་པའོ། །དང་པོ་ནི། འདིའི་རིགས་ནི་