[A:༤༥༨]པ་ཡིན་ཏེ། འདི་ད་དུང་ཡང་འདོད་པ་བཞིན་སོས་པ་ཅིག་བཞག་ས་མེད་པ་འདི་སེམས་ཀྱི་གཙེར་པ་ཅུང་ཆེ་བར་འདུག་ཅེས་གསུང་པ་འདི་ནི། བསྟན་པའི་ཁུར་ལ་ཐུགས་ཀྱི་འཇུག་ཚུལ་དང་ཐུགས་སྟོབས་གཞན་ལས་ཕུལ་དུ་ཕྱིན་པ་ཡིན་ནོ། ད་སྐུ་ཆག་ལེགས་པར་སངས་ལགས་སམ་ཞེས་ཞུས་པས། ད་ཟླ་བ་དྲུག་པའི་ཚེས་གྲངས་ངེས་པ་ཅན་ཅིག་གསུངས་ནས་དེའི་དུས་སུ་དེ་ལ་དམིགས་པའི་དགེ་སྦྱོར་ཅུང་ཟད་ཅིག་བྱས་པས། དེ་ནས་ཆག་སྒོ་ལེགས་པར་སངས་ཡོད་ཅེས་གསུངས་སོ། །དེ་ལྟར་དེ་ཡན་ཆད་གདན་ས་ཕྱོགས་སུ་གཞན་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཛད་དོ། །འོན་ཀྱང་གདན་ས་ཆེན་པོ་གཡེང་བ་དང༌། ཆངས་ཆེ་བས་གྲྭ་པ་རྣམས་ཀྱི་སློབ་གཉེར་ལ་གནོད་པ་དང༌། ཆས་ཁ་ལ་གཟན་ཅིང་གྲྭ་པ་གཉེན་པོ་ཆུང་བ་འགའ་རེ་ཆུད་ཟོས་པར་ཡང་འགྲོ་བར་འདུག་པས། དབེན་གནས་ཤིག་ཏུ་བཞུགས་ཏེ། བཤད་ཉན་མཛད་ན་བསྟན་པ་དང་གྲྭ་པ་ལ་ཕན་སྟོབས་ཆེ་བར་དགོངས་ནས། སྔར་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པའི་གསུང་གིས། འུ་ཅག་བྲག་ཕུག་པའི་དགེ་བཤེས་ཅིག་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལ་བརྟེན་ནས་ན་བཟའ་བྲག་ཕུག་དང༌། གཞན་ཡང་བསམ་གླིང་ལ་སོགས་དབེན་གནས་དུ་མར་ཐུགས་འདུན་མཛད་ཀྱང་དེ་རྣམས་གང་དུ་ཡང་བརྟག་པ་མ་བྱུང་བར། ཐུགས་འདུན་མ་མཛད་པའི་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དེ་རང་གསལ་པོར་བྱུང་ཡང༌། གནས་འདི་ན་ཡོད་གསལ་བ་རང་མ་བྱུང་བ་ལ། ནུབ་ཅིག་མནལ་ལམ་དུ་ཁྱོད་ཀྱི་དགོན་པ་དོན་གྲུབ་ཀྱིས་སྟོན་པ་ཡོད་ཟེར་བ་ཅིག་བྱུང་བ། ཕྱིས་ཉག་རེ་དགེ་བཤེས་དོན་གྲུབ་ཟེར་བ་ཅིག་ཡོད་པ་ཁོང་གིས་ཆུ་མིག་ཏུ་བསྡད་ནས་ངོར་ན་ཡར་མེ་ཤིང་བསྒྲུབ་པ་ལ་ཕྱིན་པས། ཨེ་ཝཾ་ཆོས་ལྡན་གྱི་ས་ཆ་དེ་མཐོང༌། ཁོང་ས་སྐྱར་སླེབས་ནས་རྗེའི་སྐུ་མདུན་དུ་བྱུང་བ་དང༌། ཁོང་གིས་མེ་ཤིང་ལ་ཕྱིན་པ་ལ་སོགས་པའི་ལོ་རྒྱུས་བྱུང་བས། སྔར་ཐུགས་དམ་དུ་བྱུང་བའི་ས་ཆ་དེ་ཡིན་པར་མཁྱེན་ནས། མཁན་ཆེན་ཤཱཀ་བཟང་བ་དཔོན་སློབ་འགའ་