[A:༤༦༣]དེ་བཞིན་དུ་དྲིས་ལན་སྣ་ཚོགས་ཀྱི་སྒོ་ནས་ལོག་རྟོགས་ལྡོག་པར་བྱེད་པའི་བསྟན་བཅོས་དུ་མ་མཛད་དོ། །གཞན་ཡང་ལེགས་པར་བཤད་པ་རྩོམ་པའི་སྐོར་ཡང༌། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་བསྟོད་པའི་སྐོར་དང༌། བྱ་བའི་རྒྱུད་རང་རྐང་གི་ཆོས་སྐད་དང༌། འགྲེལ་ཚུལ་སྣ་ཚོགས་ཀྱི་དགོངས་པ་གསལ་བར་སྟོན་པ་བྱ་བའི་རྒྱུད་སྤྱིར་རྣམ་པར་གཞག་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྤྱོད་རྒྱུད་སྤྱིའི་རྣམ་གཞག་ལེགས་པར་བཤད་པའི་སྒྲོན་མ་དང༌། ཀྱེ་རྡོ་རྗེའི་སྒྲུབ་ཐབས་མཐའ་དག་གི་དགོངས་པ་གསལ་བར་སྟོན་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཡན་ལག་དང་བཅས་པ་ལ་སོགས་པ་རྒྱུད་གཞུང་གི་དགོངས་འགྲེལ་བསྟན་བཅོས་དུ་མ་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། གསང་འདུས་མི་བསྐྱོད་པ། སམྤུ་ཊི། རྡོར་དབྱིངས། གཤེད་དམར་ལྷ་ལྔ་ལ་སོགས་པའི་སྨིན་བྱེད་དང༌། གྲོལ་ལམ་བསྐྱེད་རིམ་ཡན་ལག་དང་བཅས་པའི་ལག་ལན་གསལ་བར་སྟོན་པའི་སྐོར་རྣམས་དང༌། གཞན་ཡང་སྒྲུབ་ཐབས་ཀྱི་རིགས་རབ་ཏུ་མང་པོ་རྣམས་དང༌། གསུང་ངག་རིན་པོ་ཆེའི་བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད་དང༌། བདེ་མཆོག་དཀར་པོའི་རྫོགས་རིམ་དང༌། གསང་འདུས་རིམ་ལྔ། འཇིགས་བྱེད་ཀྱི་རྭ་ཁྲིད། སྤྲོས་མེད་མཛེས་རྒྱན་ལ་སོགས་པ་རྫོགས་རིམ་གྱི་སྐོར་དང༌། གཞན་ཡང་གདམས་པ་སྣ་ཚོགས་ཀྱི་སྒོ་ནས་ཉམས་ལེན་གསལ་བར་སྟོན་པའི་སྐོར་དང༌། བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ལ་སོགས་པའི་གསུང་རབ་མཐའ་ཡས་པ་མཛད་པའི་རྣམ་གྲངས་ནི་བརྗོད་པར་མི་ནུས་པས་མ་བྲིས་སོ། །དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་གཡེལ་བ་མེད་པར་བསྟན་པའི་བྱ་བ་བྱས་པས་བསྟན་པ་སྤྱི་དང་བྱེ་བྲག་ས་སྐྱ་པའི་བསྟན་པ་ཤིན་ཏུ་གསལ་བར་བྱས་པ་ཡིན་ཏེ། ཡང་ནུབ་གཅིག་མནལ་ལམ་དུ། འདུ་ཁང་ཆེན་པོ་མཛད་པར་དགོངས་པའི་གྱོང་ར་དེ་ན་བླ་མ་ས་ཆེན་ཡབ་སྲས་གསུམ་གྱི་སྐུ་སྔར་གྱི་ལྟ་བུ་དང༌། ཆོས་རྗེ་ས་པཎ་གྱི་སྐུ་ཡང་དེ་ཚོ་དང་འདྲ་