[A:༤༣༤]མ་ལོ་མ་གྱོན་མའི་ཁྲུས་ཆོག་ལ་སོགས་པ་མཛད་པའི་རྣམ་པ་ལས། ཐ་མལ་གྱི་རྩེད་མོའི་རིགས་ཅི་ཡང་མི་མཛད་དོ་ཞེས་ཐོས་སོ། །དགུང་ལོ་ལྔ་བཞེས་པའི་ཚེ་ཡབ་ཀྱི་གསུང་གིས། རང་རེ་གསོལ་ཇ་བའི་རིགས་ཡིན་པས། གསོལ་ཇ་བ་བྱེད་པ་ལ་དངུལ་གྱི་ཇའོ་ཐེག་མི་ཐེག་བརྟག་གོ་ཞེས་གསུངས་ནས། དངུལ་གྱི་ཇ་འོ་དང་ལྗིད་མཉམ་པའི་རྡོ་བསྐུར་ནས་སྐྲས་ལ་འབྱོན་བཞུད་མཛད་དུ་བཅུག་པ་ན། གསོལ་ཇ་བ་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ལ་ཐུགས་མི་འགྲོ་བས་རྡོ་ཕྱིར་འཕངས་ཏེ། མི་དགེ་བའི་རྣམ་འགྱུར་བསྟན་པས། བདག་ཆེན་ཀུན་དགའ་རིན་ཆེན་པའི་གསུང་གིས། འདིའི་གཟུགས་ཀྱང་གསོལ་ཇ་བ་ལ་མཛེས་རྒྱུ་ཡང་མི་འདུག་པ་དང༌། ཁྱད་པར་ཁོ་རང་ཆོས་ལ་མོས་པར་འདུག་པས། འདི་ཆོས་བྱེད་དུ་བཅུག་ནས་གསོལ་ཇ་པ་འདི་ཉིད་ཀྱི་གཅུང་པོ་དཔོན་ཆེན་བསོད་ནམས་དཔལ་ཞེས་བྱ་བ་ཅིག་ཡོད་པ་དེ་བྱེད་དུ་བཅུག་པ་དག་པར་འདུག་ཅེས་གསུངས་པའི་བཀའ་གནང་བས། ཐུགས་ལ་དགེས་ཚོར་ཆེན་པོ་དང༌། བདག་ཆེན་ལ་ཡང་དད་པ་ཆེན་པོ་འཁྲུངས་སོ། །དེ་ནས་དགུང་ལོ་དྲུག་བཞེས་པའི་ཚེ། བདག་ཆེན་ལ་ས་སྐྱར་བཞུགས་སྟབས་བདེ་མི་བདེ་ཅིག་བྱུང་ནས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་བདག་ཆེན་པའི་སྐུ་མདུན་དུ་སྤྱན་དྲངས་ཏེ། བྱིས་པ་འདི་ལ་དགེ་བཤེས་བཟང་པོ་ཞིག་འོང་བ་བདོག་པས་ཁྱེད་ཀྱིས་མགོ་འདོན་ཡང་དག་པ་ཅིག་མཛད་པ་ཞུ་ཞེས་ཞལ་ཏ་དང༌། གནང་སྦྱིན་མཛད་ནས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་སྤྲད། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པས་དུས་ཀྱི་འཁོར་ལོ་དང༌། ཡོ་ག་རྡོར་དབྱིངས་ཀྱི་དབང་བསྐུར་བ་ཡང་མཛད་དོ། །དེ་ནས་བསྐྱེད་འཕྲེང་ན་བཞུགས་པའི་སློབ་དཔོན་སངས་རྒྱས་རྒྱལ་མཚན་ཞེས་བྱ་བའི་དྲུང་དུ་ཀློག་བསླབས་པས་ལེགས་པར་མཁྱེན་ནས། དགུང་ལོ་བདུན་པ་ལ་སློབ་དཔོན་དེ་ཉིད་ཀྱི་དྲུང་དུ་བརྟག་གཉིས་ཀྱི་གཞུང་བཟུང༌། དགུང་ལོ་བརྒྱད་པ་ལ་རྣམ་གཞག་མཛད་པར་དགོངས་ནས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་གུར་ན་བཞུགས་པའི་སྐུ་མདུན་དུ། ཉི་མའི་གུང་ལ་སློབ་དཔོན་སངས་རྒྱས་རྒྱལ་མཚན་པ་དང་གཉིས་ཀས་བྱོན་