R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༩༡
[A:༩༡] དེ་ནས་འཕེལ་བ་ལ་ངམ་རྫོང་སྙན་བརྒྱུད་དང་། རས་ཆུང་པ་ལས་བརྒྱུད་པ་ལ་རས་ཆུང་སྙན་བརྒྱུད་ཅེས་གྲགས་ཏེ། མདོར་ན་རས་ཆུང་པས་ལོ་དོན་བརྒྱད་ཀྱི་བར་དུ་བཞུགས་ཤིང་། བདེ་མཆོག་སྙན་བརྒྱུད་ཅེས་པའི་ཆོས་ཟབ་མོ་དེ་གཙོ་བོར་ཁོང་གི་བཀའ་དྲིན་ཡིན། འགའ་ཞིག་བདེ་མཆོག་སྙན་བརྒྱུད་ཅེས་རྫུན་མ་ཁོ་ན་ཡིན་ཞིང་། རྗེ་མར་པས་ཀྱང་ནཱ་རོ་པའི་ཞབས་མ་ཟིན་ཅེས་འཆད་པ་ཡོད་མོད། སྙན་བརྒྱུད་ཟབ་མོ་བློ་ཡུལ་དུ་མ་ཤོང་བའི་གཏམ་ཡིན་ཏེ། ཁོ་བོ་ལྟར་ན། རྗེ་མར་པས་རྒྱ་གར་དུ་ལན་གཉིས་དང་གསུམ་དང་ལྔ་བྱོན་ཞེས་འཆད་པ་གང་ལྟར་ཡང་། ལན་དང་པོ་བྱོན་པའི་ཚེ་ན་ནཱ་རོ་ཏ་པའི་ཞལ་གྱི་བདུད་རྩི་ཅི་རིགས་པ་ཐོབ་ལ། ལན་མཐའ་མ་བྱོན་པའི་ཚེ། ཨ་ཏི་ཤ་མངའ་རིས་ནས་དབུས་སུ་བྱོན་པ་དང་ལམ་དུ་མཇལ་ཞེས་པ་འདི་ཕལ་ཆེར་མཐུན་ལ། ཇོ་བོ་བོད་ལ་ཕེབས་ཀར་ནཱ་རོ་པ་ཞི་བར་གཤེགས་པའི་གདུང་ཡང་ཇོ་བོའི་ཕྱག་ཏུ་བྱོན་ནས། ད་ལྟ་སྙེ་ཐང་ན་ཡོད་ཅེས་ཨ་ཏི་ཤའི་རྣམ་ཐར་ན་གསལ་ནས་(བས) དེའི་ཚེ་མར་ལོས་ཐ་མལ་པ་རྣམས་དང་ཐུན་མོང་དུ་ནཱ་རོ་པའི་ཞལ་མཐོང་བ་མ་ཡིན་མོད། ཐུན་མོང་མིན་པའི་དག་པའི་སྣང་བ་ཁོ་ནས། ཟླ་བ་གསུམ་གྱི་བར་དུ། ནཱ་རོ་ཏ་པའི་ཞལ་གྱི་བདུད་རྩི་བྱིན་རླབས་དང་འབྲེལ་བའི་སྙན་བརྒྱུད་ཀྱི་བདུད་རྩི་ཐོབ་པ་ཡིན་ནོ་ཞེས་ཁོ་བོ་སྨྲ་སྟེ། བཀའ་བརྒྱུད་གསེར་འཕྲེང་འགའ་ཞིག་ལས། དེའི་ཚེ་དགེ་ཚུལ་ཤེས་རབ་སེང་གེའི་ཞལ་ནས། མར་པ་བློ་གྲོས་ཁྱོད་ན་ནིང་ནས་མི་ཡོང་བའི་དོན་ཅི་ཡོད་བུ་བྱོན་ཙ་ན་ཕ་མཁའ་སྤྱོད་ལ་གཤེགས། ནཱ་རོ་པ་བཞུད་ཙ་ན་ཀྱཻ་རྡོ་རྗེའི་དཀྱིལ་ཐང་དང་། རྡོ་རྗེ་དྲིལ་བུ་མར་པ་ལ་བྱིན་ཅིག་གསུངས་ནས་བཞག་ཡོད། སྣོད་དང་ལྡན་པ་ལ་རྗེ་བཙུན་ད་ལྟ་ཡང་མཇལ་