[A:༩༢] བས་དད་བརྩོན་སྐྱེད་དེ་ཚོལ་ཅིག་ཅེས་པ་ལྟར་བཙལ་བས། དངོས་དང་རྨི་ལམ་དུ་ཅི་རིགས་པར་མཇལ་བའི་མཐར། ཕུ་ལ་ཧ་རིར་ཟླ་བ་གསུམ་དུ་སྙན་བརྒྱུད་ཀྱི་གདམས་པ་དང་ལུང་བསྟན་སོགས་ཀྱིས་གདམས་ཏེ་ནཱ་རོ་པ་མཁའ་འགྲོ་མའི་རོལ་མོས་བསུས་ཏེ་མཁའ་སྤྱོད་དུ་གཤེགས། ཕུ་ལ་ཧ་རིར་གཏོར་མཆོད་ལ་སོགས་པ་ཅི་ཡང་མི་སྣང་བར་མར་པ་ཁོ་ན་ལུས་གདའ་སྐད་དོ། ཞེས་བཤད་པ་ལྟར་རོ། འོན་ཀྱང་འདི་འཇའ་ལུས་སུ་གཤེགས་པས་ཇོ་བོའི་ཕྱག་གི་གདུང་ལ་སོགས་པ་གདུལ་བྱ་འགའི་སྣང་ངོར་ཙམ་སྟེ། འདི་ཉིད་དཔལ་ལྡན་ས་སྐྱ་པ་ཆེན་པོས་རྣལ་འབྱོར་དབང་ཕྱུག་དང་མཇལ་བའི་ཚུལ་ལྟར་ཁོང་དུ་ཆུད་ན་རྩོད་པ་ཐམས་ཅད་རང་གྲོལ་དུ་ཁོ་བོས་རྟོགས་སོ།
རས་ཆུང་པ་ལ་ཐུགས་སྲས་བཅུ་གསུམ་ཞེས་གྲགས་ཏེ། རྒྱལ་བ་ལོ་གཙང་པ་གསུམ། རྭ་བླ་མ་ཆོས་སྒོམ། སུམ་པ་ཆོས་རྡོར། བུར་སྒོམ་ནག་པོ། ཟངས་རི་བ། འགྲོ་སྒོམ་དོན་གྲུབ། གྲ་བྱི་(ཕྱི) བ་རྡོ་རྗེ་འོད། ཅུང་སྟོན་རྒྱལ་མཚན། ཅུང་སྟོན་རྒྱས་པ། དགེ་བཤེས་ཁྱུང་པོ། ལྷ་རྗེ་ལྷ་འབར་དང་བཅུ་གསུམ་མོ།
མི་ལའི་རྗེས་ལ། རྗེ་ག་ཡ་དྷ་ར་བྱོན་པ་ཡིན་ཏེ། སུམ་སྟོང་བརྒྱ་དང་དོན་གསུམ་འདས་པའི་དོན་བཞི་པ་ལྕགས་མོ་སྦྲུལ་
སྤྱི་ལོ་ ༡༠༤༡
ལ་ག་ཡ་དྷ་ར་དང་པོ་བོད་དུ་བྱོན། དེ་ཡང་སྤྱིར་པན་ཆེན་འདི་འདས་ལོ་ནས་ཉིས་སྟོང་གྱ་དྲུག་དང་། བི་རཱུ་པ་བལྟམས་པའི་མེ་སྦྲུལ་ནས་སྟོང་དང་དྲུག་འདས་པའི་ཆུ་མོ་སྦྲུལ་ལ་སྐུ་བལྟམས། སྤྱིར་རང་ལོ་སུམ་བརྒྱ་དང་ལྔ་བཅུ་བཞུགས་པའི་ཉིས་བརྒྱ་བརྒྱད་ཅུ་རྩ་དགུ་ལོན་པའི་ཚེ། འབྲོག་མིས་སྤྱན་དྲངས་ནས་ལན་དང་པོ་བྱོན། ལྷ་རྩེའི་བྲག་དང་མུ་གུ་ལུང་དུ་ལོ་གསུམ་གྱི་བར་དུ་འབྲོག་མི་ལ་ཀྱཻ་