[A:༩༣]རྡོར་གྱི་རྒྱུད་ཀྱི་བཤད་པ་དང་གསུང་ངག་རིན་པོ་ཆེའི་བཀའ་དྲིན་སྩལ་ཏེ། ག་ཡ་དྷ་ར་ཞེས་གྲགས་ཏེ། སྤྲིན་འཛིན་ནམ་འགྲོ་བ་འཛིན་པ་ཞེས་བྱ། སྤྱིར་འདི་ལན་གསུམ་བྱོན་པའི། ལན་གཉིས་པ་འགོས་ལོས་སྤྱན་དྲངས་ཏེ། རྒྱུད་བཤད་དང་། རྣལ་འབྱོར་དབང་ཕྱུག་གི་ས་དབང་གི་རབ་དབྱེ་ལ་འགོས་ཀྱི་སྒྱུར་མཛད་པས་གསུང་ངག་གི་ཆ་ཤས་ཅུང་ཟད་སྣང་བར་སེམས།
འགོས་འདིས་ཐོག་མར་འབྲོག་མིའི་སྤྱན་སྔར་བྱོན་ཀྱང་སྔོན་གྱི་འབྲེལ་པ་མེད་པའི་དབང་གིས་མ་མགུ་སྟེ། འབྲོག་མི་ལ་འགྲན་བཟོད་པའི་ཕྱིར་མཻ་ཏྲི་པ་སྤྱན་འདྲེན་པར་བརྩམ་པ་ལས། པན་ཆེན་འདིས་མཻ་ཏྲི་པར་ཞལ་གྱིས་འཆེས་ནས་འགོས་དང་ལོ་པན་དུ་སྡེབས་ནས་བྱོན། རྗེས་སུ་འབྲོག་མི་དང་མཇལ། ཕན་ཚུན་བརྡ་འཕྲོད་ནས་འབྲོག་མི་དང་ལོ་པན་དུ་སྡེབས་ཞེས་གྲགས་སོ།
ལན་གསུམ་པ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྤྱན་དྲངས། གྱི་ཇོའི་སློབ་མ་འགའ་ཡར་གྱིས་མཛད་པའི་རྡོ་རྗེ་ཚིག་རྐང་གི་བཤད་པ་དང་། གྱི་ཇོས་བསྒྱུར་བའི་རྡོ་རྗེའི་ཚིག་རྐང་དང་། ག་ཡ་དང་གྱི་ཇོའི་སློབ་མ་ཉོས་(གཉོས) ལོ་སྟོན་གྲགས་ཀྱི་ར་ལིའི་ཡི་གེ་ན་ཡང་གསུང་ངག་གི་བརྡ་ཆད་མང་པོ་སྣང་བས། ལོ་ཙཱ་བ་གཉིས་སློབ་བརྒྱུད་དང་བཅས་པ་ལ། དབང་དང་འགྲེལ་བའི་གསུང་ངག་གི་ཆ་ཤས་ཅུང་ཞིག་འཕེལ་བར་མངོན། གསུང་ངོ། འོན་ཀྱང་ཡོངས་སུ་རྫོགས་པ་ནི་བླ་ཆེན་ཁོ་ནའི་སྤྱོད་ཡུལ་ལོ།
ཞྭ་ལུགས་པ་དག། ག་ཡས་ལན་བཞི་བྱོན་པའི་དང་པོ། ལོ་ཙཱ་བ་གཞོན་ནུ་ཤེས་རབ་ཀྱིས་སྤྱན་དྲངས། འབྲོག་མི་དང་ལྷ་རྩེ་བྲག་ལ་སློབ་མའི་འབྲེལ་རྟགས། པཎྜི་ཏ་ཟླ་བ་དམར་པོ་ཅན་ཞེས་གྲགས། གཉིས་པ་དང་བཞི་པ་ལ་ག་ཡ་དྷ་ར་དང་། གསུམ་པ་འགོས་ཀྱིས་སྤྱན་དྲངས་པའི་ཚེ་པཎྜི་ཏ་སྤྲིན་