R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༩༤
[A:༩༤]གྱི་ཤུགས་ཅན་དུ་གྲགས་པ་ཞེས་འཆད་དོ། གང་ནའང་ལན་རྗེས་མ་བྱོན་པའི་ཚེ། བླ་ཆེན་འབྲོག་མི་ཞི་བར་གཤེགས་པས། འབྲོག་མི་ཡོད་ན་བདག་ཕ་བུ་སྒྲུབ་པ་མཉམ་དུ་བྱེད་པ་ཡིན་ཏེ། ཞེས་ཐུགས་ལ་བཅགས་པའི་གསུང་བྱོན་ཏེ། དཔལ་ལྡན་ས་སྐྱ་བཏབ་ནས་ལོ་སོ་གཅིག་པ་ས་ཆེན་གྱིས་བཅུ་གཉིས་པ་བཞེས་པའི་ཆུ་མོ་ལུག་གི་ལོ། མཁའ་རེག་ཐོད་པའི་ཡང་དབེན་དུ་འོད་ཀྱི་གོང་བུའི་འཕོ་བའི་འདའ་ཁ་མའི་སྒོ་ནས་མཁའ་སྤྱོད་དུ་གཤེགས་སོ། འགའ་ཞིག། བདེ་མཆོག་སྙན་བརྒྱུད་ནི་མར་པ་དོ་པས་རྒྱ་གར་སྐད་ཐོགས་ཀྱི་ཆོས་བརྒྱ་རྩ་བརྒྱད་བརྩམས་པའི་ནང་ཚན་ཡིན་ཞེས་དང་། རྔོག་གི་གཟེ་མ་ར་མགོ་ལས། མ་མོའི་བརྒྱུད་ལུང་དཀྲུགས་པ་ལས༎ ག་ཡ་དྷ་རའི་གསེར་ཆོས་བྱུང་༎ ཞེས་ཅི་རྟོལ་གྱི་གཏམ་སྨྲ་བ་ནི་རྒྱ་གར་གྱི་པན་གྲུབ་ཤྲདྡྷ་ཀ་ར་དང་ཐུབ་པས་བྱོན་ནི་སོགས་ཀྱིས་གསུང་ངག་གི་ཆ་ཤས་ཇི་ལྟར་རིགས་པའི་གཏམ་བླང་བ་མ་ཐོས་ཤིང་། རང་ཉིད་ལ་མེད་པ་རྒྱུ་མཚན་དུ་བྱས་པའི་བབ་ཅོལ་དུ་ཤེས་པར་བྱའོ། དམ་པ་སངས་རྒྱས་བོད་དུ་ལན་ལྔ་བྱོན་པའི་ལན་ལྔ་པ་དིང་རིར་གདན་ཕབ་ནས་འགྲོ་དོན་མཛད་ཅེས་པའི་དུས་སྐབས་ཀྱང་། ག་ཡ་བོད་དུ་བྱོན་པའི་སྐབས་འདི་ཙམ་ཡིན་པར་མངོན་ཏེ། དེ་ཡང་དང་པོ་མགྲིན་ཐང་ལས་སྒོ་ནས་ཙཱ་རིར་བྱོན། གཉིས་པ་ཁ་ཆེ་ནས་མངའ་རིས་སུ་བྱོན། གསུམ་པ་བལ་པོ་ནས་བྱོན་པ་ན་ཡར་ལུངས་ཀྱི་སྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། སྨང་ར་སེར་པོ་ལ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་ནི་དེ་ནས་རྒྱ་ནག་ཏུ་བྱོན་ལོ་བཅུ་གཉིས་བཞུགས་ནས་སླར་