[A:༡༡༡] བླ་(གླང) ཐང་པ་ལས་ལོ་གཅིག་གིས་བགྲེས། ཕྱི་དར་ས་མོ་བྱ་ནས་བརྒྱ་དང་ལྔ་རུ་སོན་པ་སྟེ་ལོ་དེ་ནས་ཡིན་ནོ། དགུང་ལོ་བརྒྱད་ཅུ་རྩ་གསུམ་བཞུགས། ས་ཆེན་གྱི་དགུང་ལོ་ཞེ་བཞི་ལོན་པའི་ཚེ་འདས།
སྦས་པའི་ཚུལ་གྱིས་གསུང་ངག་གི་བདུད་རྩི་སྤེལ་བའི་སློབ་མའི་མཆོག་དཔལ་ས་སྐྱ་པ་ཆེན་པོ་དང་། ཞང་དཀོན་མཆོག་དཔལ་གཉིས་སོ། དེ་ལྟར་དེ་དག་ནི། ཇོ་བོ་བྱོན་པའི་སྔ་རོལ་དུ་བལྟམས་པ་རྣམས་ངོས་བཟུང་བ་ཡིན་ལ། ཇོ་བོའི་རྗེས་སུ་བྱོན་པ་ལ་བློ་ལྡན་ཤེས་རབ་བཀའ་དྲིན་ཆེ་བ་ཡིན་ཏེ། དེ་ཡང་། ཡར་འབྲོག་མཚོ་འགྲམ་དུ་བྱོན་པའི་གསང་སྙིང་པ་རྡོ་རྗེ་གཞོན་ནུ་ལ། སྲས་རྔོག་ལེགས་ཤེས། ཀླུ་བྱང་། ཀླུ་ཁྲི། ཆོས་སྐྱབས། ཐུབ་པ་ཞེས་མཆེད་ལྔའི་ཆེ་བ་ནི་ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ་ཞེས་གྲགས་པའི། འཇམ་དབྱངས་ཀྱི་རྣམ་འཕྲུལ་རྔོག་ལེགས་ཤེས་གྲགས་པ་སྟེ། གསང་ཕུའི་ཆོས་གྲྭ་ཆེན་པོ་བཏབ་སྟེ་བསྟན་པའི་རྒྱུན་ལ་བཀའ་དྲིན་མཆོག་ཏུ་ཆེ་
པན་ཤཀ་པས། ཇོ་བོ་གཤེགས་ནས་ལོ་དྲུག་པ་ས་མོ་ཕག་ལོར་རྔོག་ལོ་འཁྲུངས། ལོ་དེ་ལ་ལེགས་ཤེས་གསང་ཕུ་བཏབ། དེ་ནས་ལོ་བཅོ་ལྔ་པ་ཆུ་མོ་གླང་ལ་དཔལ་ལྡན་ས་སྐྱ་བཏབ་ཅེས་མི་མཐུན་པ་ཆེན་པོ་མཛད་འདུག། དེ་ལྟར་བར་ཁྱད་འབྱུང་བའི་གནད་ཀྱང་ཇོ་བོ་རྟ་ལ་བྱོན་པའི་ཚེ་འཁོན་དཀོན་མཆོག་རྒྱལ་པོ་ལོ་དགུ་ལོན། ཤིང་རྟ་ལ་ཇོ་བོ་གཤེགས་པར་བྱས་ནས། ལོ་དྲུག་པ་ལ་གསང་ཕུ་བཏབ། འཁོན་གྱི་བཞི་བཅུ་པ་ཆུ་གླང་ལ་ས་སྐྱ་བཏབ་པའི་གནད་ཀྱིས། ལོ་བཅོ་ལྔ་ཁྱད་ཞུགས་པ་དེ་མི་འབྱུང་ཐབས་མེད་ཡིན་ནོ།
འདི་དང་ལོ་ཆེན་རིན་བཟང་གི་སློབ་མ་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་གཅིག་ཏུ་འཁྲུལ་ངར་མི་བྱ་སྟེ། སྔ་མ་ནི་འཁྲུངས་ཡུལ་མངའ་རིས་པ་ཉིད་