R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༦
[A:༡༣༦] སུམ་སྟོང་ཉིས་བརྒྱ་དང་བཅུ་གཅིག་འདས་པའི་བཅུ་གཉིས་པ་ས་མོ་ལུག་
སྤྱི་ལོ་༡༠༧༩
ལ་བཀའ་བརྒྱུད་དྭགས་པོ་བལྟམས། རང་ལོ་ཉེར་དྲུག་པ་ལ་མར་ཡུལ་བློ་ལྡན་ལ་བསྙེན་པར་རྫོགས། ཐོག་མར་རྣལ་འབྱོར་པ་ཆེན་པོའི་སློབ་བུ་མང་ར་བརྩོན་འགྲུས་འབར་སོགས་ལས་བཀའ་གདམས་གསན། རང་ལོ་སོ་གཉིས་ལོན་པའི་ཚེ། རྗེ་མི་ལ་ལོ་དོན་གཅིག་བཞེས་པའི་སྐབས་སུ་མཇལ་ཏེ་བཀའ་བརྒྱུད་ཀྱི་ཟབ་ཆོས་གསན། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་ཉམས་སུ་བླངས། ཁྱད་པར་དུ་དྭགས་པོ་བཀའ་བརྒྱུད་ཅེས་སྙན་པས་ཕྱོགས་ཀུན་ཏུ་ཁྱབ་པ་ལགས་སོ། འདི་ཉིད་དོན་ལྔ་པ་བྱ་ལོ་སྒྲོག་གི་ཚེས་བཅོ་ལྔའི་སྔ་དྲོ་གཤེགས་སོ།
དེ་ལ་སློབ་བུའི་ཚོགས་ནི། དྭགས་པོ་སྒོམ་ཚུལ། ཕག་མོ་གྲུ་པ། གྲུབ་ཐོབ་དབུ་སེ། དྷ་(འབའ) རོམ་རས་པ་སྟེ་རྒྱུད་འཛིན་གྱི་བུ་ཆེན་བཞི། དྭགས་པོ་སྒོམ་ཆུང་། རྨོག་ཆོག་(ལྕོག) པ། གསོལ་(གསལ) སྟོང་སྒོམ་ཤོར་(ཤེ)། བླ་མ་འོལ་ཀ་བ་སྟེ། ཐུགས་སྲས་བཞི། དྭགས་པོ་འདུལ་འཛིན་ལ་སོགས་པ་ཉེ་སྲས་བཞི་སོགས་མང་དུ་བྱོན་ཡང་རྒྱུད་འཛིན་གྱི་གཙོ་བོ་ཕག་གྲུ་པ་ཉིད་ལགས་སོ། དྭགས་པོ་འདི་ས་ཆེན་ལས་ལོ་བཅུ་གསུམ་གྱིས་བགྲེས་སོ། དྭགས་པོའི་སློབ་མ་ཕག་མོ་གྲུ་པ། དབུ་སེའམ་དུས་གསུམ་མཁྱེན་པ། གསལ་སྟོང་སྒོམ་ཤེ་གསུམ་ལ་ཁམས་པ་མི་གསུམ་ཞེས་གྲགས་ཏེ། སུམ་སྟོང་ཉིས་བརྒྱ་དང་ཞེ་གཉིས་འདས་པའི་ཞེ་གསུམ་པ་ལྕགས་ཕོ་སྟག་
སྤྱི་ལོ་༡༡༡༠
ལ་ཕག་གྲུ་པ་དང་དུས་གསུམ་མཁྱེན་པ་གཉིས་བལྟམས། འདི་ཉིད་ས་ཆེན་ལས་ལོ་བཅོ་བརྒྱད་ཀྱིས་གཞོན།