R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A):
[A:༣] བྱམས་པའི་འདབ་སྟོང་བློ་གྲོས་ཟེ་བས་མཛེས༎ རྣམ་དཔྱོད་སྦྲང་རྩིས་ལེགས་བཤད་དྲི་བསུང་སྤེལ༎ བློ་གསལ་བུང་བ་སྡུད་པའི་ཆུ་སྐྱེས་ཚལ༎ རྒྱལ་བའི་བསྟན་འཛིན་མཚན་ལྡན་བླ་མ་རྒྱལ༎ ཚངས་དང་ལྷ་དབང་ཁྱབ་འཇུག་དབང་ཕྱུག་སོགས༎ ལྷ་དང་ལྷ་མིན་འཇིག་རྟེན་འཇིན་རྟེན་ཀུན་གྱི་སྐྱབས༎ གསུང་སྐྱེས་བསེ་རུ་སོགས་ཀྱི་བླ་མ་སྟེ༎ བློ་ལྡན་སེམས་དཔའི་ཡབ་གྱུར་ཐུབ་དབང་རྒྱལ༎ གང་དེའི་བསྟན་པ་ལུང་རྟོགས་དམ་པའི་ཆོས༎ དེ་འཛིན་སྨྲ་དང་སྒྲུབ་པའི་བཤེས་གཉེན་མཆོག༎ དེ་ཉིད་བསྲུང་བའི་ས་སྐྱོང་རྒྱལ་པོ་ཆེ༎ བསྟན་པ་བསྟན་འཛིན་བསྟན་སྐྱོང་བཅས་ཀུན་རྒྱལ༎ དེ་ལྟའི་ཐུབ་དབང་བསྟན་པ་གནས་པའི་ཚུལ༎ བསྟན་འཛིན་སྐྱེས་བུ་ཇི་ལྟར་བྱོན་པའི་ཚུལ༎ བསྟན་རྩིས་འདི་ནི་ལྷག་བསམ་རབ་དཀར་བས༎ བསྟན་ལ་དད་པའི་ཀླུ་སྒྲུབ་བདག་གིས་འཆད༎ དེ་ལྟར་ཅུང་ཟད་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ཞེས་བྱ་བ་ཞིག་འཆད་པར་བཞེད་པ་ལས། དེ་ཡང་གཞི་གང་ཞིག་ལ་བརྟེན་ནས་རྩོམ། བརྗོད་བྱ་ཇི་ལྟ་བུ་ཞིག་ཏུ་བསྡུས་ནས་རྩོམ་སྙམ་ན་ཁོ་བོའི་བསྟན་རྩིས་འདི་ནི། རང་བཟོ་མ་ཡིན་པར། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོ་དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས། སངས་རྒྱས་གསུང་རབ་དྲི་མ་མེད༎ བསྡུ་བ་དང་པོ་བྱས་པའི་རྗེས༎ ཞེས་པ་ནས། དེ་ནས་ཆོས་རྗེ་ས་སྐྱ་པ༎ ཆེན་པོ་བཞུགས་པ་ཡན་ཆད་དུ༎ ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས༎ ཞེས་སོགས་ཀྱི་བར་གྱི་གཟུང་ལ་གཞི་བཅས། རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ་དང་། རྗེ་བཙུན་གྲགས་