R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A):
[A:༤]ས་མཛད་པའི་རྒྱལ་རབས་ཀྱི་ཡི་གེ་གཉིས་རྒྱབ་རྟེན་གྱི་ལུང་ཚད་མར་བྱས། མཚུངས་མེད་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་དུས་གསལ་གྱི་རྩ་བ་དང་། རེ་མིག་ཏུ་བཀོད་པའི་རང་འགྲེལ་དང་། ཐུགས་སྲས་བྱམས་པ་དཀོན་མཆོག་དཔལ་གྱིས་མཛད་པའི་རེ་མིག་སྟེ། རྩ་འགྲེལ་དེ་གསུམ་གྱིས་གསལ་བྱེད་ཀྱི་མིག་བྱས། མཁས་པ་གཞན་དག་གིས་མཛད་པའི་བསྟན་རྩིས་དང་། ལོ་རྒྱུས་དང་རྣམ་ཐར་སོགས་སུ་བཀོད་པའི་འཁྲུལ་པའི་དྲི་མ་རྣམས་དངོས་སྟོབས་ཀྱི་རིག་པས་སུན་ཕྱུང་། འཁྲུལ་མེད་ཀྱི་ཞིབ་ཆ་ཅུང་ཟད་ཀྱིས་ཟུར་ནས་ཁ་བསྐངས་ཏེ་འཆད་པར་བཞེད་པ་ཡིན་ལ། བརྗོད་བྱའི་དོན་ནི། བསྟན་པའི་གནས་ཚད་བཤད་ནས་བསྟན་པ་དར་བའི་རིམ་པ་བཤད་པ། བསྟན་འཛིན་གྱི་སྐྱེས་བུ་ངོས་བཟུང་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་བཤད་པ། བསྟན་སྐྱོང་གི་སྦྱིན་བདག་ངོས་བཟུང་ནས་སྐུ་ཚེའི་ཚད་བཤད་པ། བསྟན་པའི་གནས་གཞི་ངོས་བཟུང་ནས་ངོ་མཚར་གྱི་རྟེན་བྱོན་ཚུལ་བཤད་པ་དང་བཞི་ཡིན་ཞིང་། དེ་ལ་ཡང་འཕགས་ཡུལ་དང་གངས་ཅན་གཉིས་སུ་ཕྱེ། གངས་ཅན་ལ་ཡང་སྔ་དར་དང་ཕྱི་དར་གཉིས་སུ་ཕྱེ་ནས་འཆད་པར་བྱེད་པ་ཡིན་ནོ། དེ་ཡང་བསྟན་པའི་གནས་ཚད་གཙོ་བོར་བཤད་ནས། གཞན་གསུམ་ཞར་བྱུང་གི་ཚུལ་དུ་འཆད་པར་བྱེད་པས། ཐོག་མར་གནས་ཚད་བཤད་ན་གསུམ། སྟོན་པས་ཆོས་འཁོར་བསྐོར་བའི་ཚུལ། བསྐོར་བའི་བསྟན་པ་ངོ་ཡིས་གཟུང་། བཟུང་བ་བསྟན་པའི་གནས་ཚད་བཤད་པའོ། དང་པོ་གཉིས་རེ་ཞིག་བཞག་ནས་གསུམ་པ་འཆད་པ་ལ་གསུམ། སོ་སོའི་ལུང་ལས་བཤད་ཚུལ་འགོད། བཤད་པའི་སྙིང་པོ་ངོ་ཡིས་གཟུང་། སྙིང་