[A:༡༤༨]
དེ་ལྟར་ན་ཕྱི་དར་ཉིད་ལ་བསྟན་པའི་ཉིན་བྱེད་ལན་གསུམ་ཤར་ཏེ། ལོ་ཆེན་རིན་བཟང་གིས། དར་མས་བསྟན་པ་བསྣུབས་རྗེས་ཀྱི་ཆོས་མིན་ཐམས་ཅད་ཚར་བཅད། དེ་རྗེས་མགོས་རྔོག་རྣམ་གཉིས་ཀྱིས་བློ་བར་གྱི་ཆོས་ལོག་ཐམས་ཅད་སུན་དབྱུང་། དེ་ནས་བཟུང་སྟེ་ཆོས་རྗེ་ས་སྐྱ་པ་ཆེན་པོ་གྲགས་པའི་མཐའ་ཅན་གྱི་སྐུའི་ཚེའི་སྟོད་སྨད་ལོ་བརྒྱ་ཙམ་ཞིག་བསྟན་པ་སྤྲིན་མེད་ཀྱི་མཁའ་ལྟར་གནས་པ་ལས། ཕྱིས་རང་བཟོ་ཕག་མོའི་བྱིན་རླབས། ཡི་དམ་དཀྲོང་བསྐྱེད། གཏུམ་མོ་བདེ་སྐྱོད། སེམས་སྐྱེད་རྨི་ལམ་(མ)། སེམས་སྐྱེད་རྐུ་ཐབས། བསྔོ་བ་ཡོད་དགེ། དཀར་པོ་ཆིག་ཐུབ་སོགས། ཆོས་མིན་གྱི་རྣམ་གྲངས་བརྒྱ་རྩ་ཞིག་གི་མུན་རུམ་ཚར་གཅོད་པ་ལ་བསྟན་བཅོས་སྡོམ་གསུམ་རབ་དབྱེའི་ཉིན་བྱེད་འདི་ཤར་བ་ཡིན། དེས་ན་དེང་གི་དུས་ན་རྒྱལ་བའི་བསྟན་པ་ལ་ལུང་རིགས་ཀྱིས་ཅུང་ཟད་དཔྱད་དུ་ཡོད་པ་འདི་པན་ཆེན་འདི་ཉིད་ཀྱི་བཀའ་དྲིན་ཡིན་ནོ། ཤེས་བྱ་རིག་གནས་ལྔའི་སྒོ་ཕྱེ་སྟེ། རིག་པའི་གནས་ལ་བློ་ཁ་ཆུང་ཞིག་ཕྱོགས་པའི་བོད་ཀྱི་གཞོན་ནུ་བློ་གསལ་དག་ལ་པནྜི་ཏ་ཞེས་པའི་མཚན་ཙམ་གྱིས་ཀྱང་ཁ་བ་ཅན་འདི་དཀར་པོར་བྱས་པ་མིན་ནམ། དེ་ཡང་ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ངོ་ལ། རྨལ་ལོ་ཙཱ་བས་ཚད་མ་ལ་བཤད་པ་ཅུང་ཟད་མཛད་ཅིང་། ཁྱུང་པོ་གྲགས་སེས་ཀྱང་ཚད་མ་བཤད་དེ་ཚད་མ་རྙིང་མ་ཞེས་པའི་བསྟན་པ་ཅུང་ཟད་དར། དེ་རྗེས་རྔོག་ལོ་ཆེན་པོས་ཚད་མ་རྒྱན་དང་ཆོས་མཆོག་གཙོ་བོར་བཏོན་ཏེ་ཚད་མ་གསར་མ་ཞེས་བྱ་བའི་བསྟན་པ་སྤེལ། དེ་ཉིད་ཀྱི་དངོས་བརྒྱུད་ཀྱི་སློབ་བུ་དག་གི་རང་བཟོར་སྒྲོ་བཏགས་པའི་ཚད་མའི་བསྟན་པ་ཧ་ཅང་དར་ཆེས་པའི་ཚེ། དག་མ་དག་གི་རབ་དབྱེ་ལེགས་པར་ཕྱེ་སྟེ། སྡེ་བདུན་གྱི་སྙིང་པོ་གསལ་བར་སྟོན་པའི་ཚད་མ་རིགས་པའི་