[A:༡༦༠]
ཨོན་ཀྱང་པན་ཆེན་ཤིང་གླང་ལ་བལྟམས་ནས། གོ་དགུ་ལ་འདས་པའི་ལོ་དེ་ནི། ཆུ་མོ་ཡོས་ཀྱི་ལོ་ཡིན་པས། ཁྲོ་ལོས། བྱ་ལོ་སྒྲོག་ཟླའི་དཀར་ཕྱོགས་ཀྱི་ཞེས་སོགས་བཤད་པ་ནི་ཡི་གེ་མ་དག་པའོ་ཞེས་ཁས་བླངས་དགོས་ཏེ། གཞན་དུ་ན་ཁ་ཆེ་པན་ཆེན་གྱི་བསྟན་རྩིས་དང་འགལ་བའི་ཕྱིར་རོ།
མདོར་ན་ཁ་ཆེ་པན་ཆེན་གྱིས་བོད་དུ་ལོ་བཅུ་གཅིག་བཞུགས། མདོ་སྔགས་ཀྱི་བསྟན་པ་ལ་ཕན་ཆེ། ས་པནྜི་ཏ་དང་བྱང་རྡོར་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་། ཤངས་པ་ཇོ་གདན་དང་། སེང་གེ་ཟིལ་གནོན་ལ་མེ་ཏོག་འཕྲེང་རྒྱུད་སོགས་རྒྱས་པར་གནང་། འདུལ་བ་སྟོད་སྨད་གཉིས་ཀྱི་སྟེང་དུ། འདུལ་བའི་བརྒྱུད་པ་ཟུར་པ་ཞིག་ཀྱང་སྤེལ། སློབ་བུ་མང་དུ་བྱུང་ཡང་ས་པནྜི་ཏ་ཁོ་ན་སྲས་ཀྱི་དམ་པར་མཛད།
དེ་ཡང་འདུལ་བ་སྨད་འདུལ་བའི་སྡོམ་བརྒྱུད་ནི། ཐུབ་དབང་། ཤཱ་རིའི་བུ། སྲས་སྒྲ་གཅན་ཟིན། བྲམ་ཟེ་སྒྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་བྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་འཚོ། དབའ་རཏྣ། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་ཡིན་ལ། སྟོད་འདུལ་བའི་སྡོམ་བརྒྱུད་ནི། དྷརྨ་པཱ་ལ། པྲཛྙ་པཱ་ལ། ཞང་ཞུང་རྒྱལ་ཤེ། དཔལ་འབྱོར་ཤེས་རབ། ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ། ཡང་རྩེ་བ་རྡོ་རྗེ་སེང་གེ། སྟག་པ་པདྨ་གཡུང་དྲུང་། རྩིས་འདུལ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། ཀུན་དགའ་རྒྱལ་མཚན། བྱང་ཆུབ་སེང་གེ། བྱང་ཆུབ་བཟང་པོ། བློ་གྲོས་རྒྱལ་མཚན། དཔལ་ལྡན་བླ་མ། མདོག་ལྷོ་པ་མཁས་ཆེན་ཀུན་དགའ་དཔལ་བཟང་པོ། རེད་མདའ་བ་སོགས་སོ།