[A:༡༧༨]སྟག་ནས་ཉིས་བརྒྱ་དང་དོན་ལྔར་སླེབས་པ་ལགས་སོ། སུམ་སྟོང་བཞི་བརྒྱ་དང་ཉེར་བཞི་འདས་པའི་ཉེར་ལྔ་པ་ཆུ་ཕོ་འབྲུག་
སྤྱི་ལོ་༡༢༩༢
ལ་ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན། མངའ་རིས་དོལ་བུའི་བན་ཚན་དུ་བྱོན། བཅུ་གསུམ་པ་ལ་སྐྱེ་སྟོངས་སུ་མཁན་པོ་ཚུལ་ཁྲིམས་སྙིང་པོ་ལས་རབ་ཏུ་བྱུང་། དེར་སྐྱི་སྟོན་འཇམ་དབྱངས་གྲགས་རྒྱལ་བྱོན་པ་ལ་རྡོ་རྗེ་ཕྲེང་བ་བསླབས། བཅོ་བརྒྱད་པ་ལ་སྐྱི་སྟོན་གྲགས་བློ་ཕར་ཕེབས་པ་ལ་ཚད་བསྡུས་སྦྱངས། དེ་ནས་སྐྱི་སྟོན་པ་ས་སྐྱར་ཕེབས་ཏེ་སླར་དཔལ་ལྡན་ས་སྐྱར་སྐྱི་སྟོན་ཤཱཀ་འབུམ་དང་སྐྱི་སྟོན་གྲགས་པ་རྒྱལ་མཚན་ཏེ་ཁུ་དབོན་དེ་གཉིས་ཀྱི་དྲུང་དུ་མདོ་ཕྱོགས་ལ་སྦྱངས། ཉེར་གསུམ་པ་ལ་བཀའ་བཞིའི་སྟེང་དུ་སྤྱོད་འཇུག་བསྣན་ཏེ་པོ་ཏི་ལྔ་ལ་གྲྭ་སྐོར་མཛད་དེ། ཉེར་ལྔ་པ་ལ་ཆོས་ལུང་མཁན་པོ་བསོད་གྲགས་ལས་བསྙེན་པར་རྫོགས། སོ་གཅིག་པ་ལ་ཇོ་ནང་དུ་ཡོན་ཏན་རྒྱ་མཚོའི་ཞབས་པད་བསྟེན། སོ་ལྔ་པ་དེའི་གདན་སེང་གེའི་ཁྲི་ལ་ཞབས་པད་བརྟེན། སོ་དགུ་པ་ལ་མཆོད་རྟེན་ཆེན་པོ་བཞེངས། ལོ་ཕྱེད་དང་བཞི་ལ་གྲུབ། ཉམས་རྟོགས་ཀྱི་མཛད་རྡོལ། ལོ་བཅུ་གསུམ་དུ་ཇོ་ནང་གི་སེང་གེའི་ཁྲི་ལ་འཁོད་དེ་ཆོས་གསུངས་པས་སྤྱིར་བཤད་སྒྲུབ་ཀྱི་བསྟན་པ་དང་། ཁྱད་པར་གཞན་སྟོང་པ་ཞེས་ཕྱོགས་ཀུན་ཏུ་སྙན་པའི་བ་དན་གཡོས། ཉིད་ཀྱི་ཞེ་བདུན་པ་ས་ཕོ་སྟག་ལོར། ལོ་ཙཱ་བ་བློ་གྲོས་དཔལ་གདན་སར་བསྐོས། རྟ་ལོར་ལོ་ཙཱ་བ་གཤེགས་ཏེ་ཉིད་ཀྱི་རེ་གསུམ་པ་ཤིང་ཕོ་རྟ་ལོར་ཕྱོགས་རྒྱལ་བ་གདན་སར་བསྐོས། བདུན་ཅུ་པ་ལ་ནུབ་ཆོས་ལུང་དུ་ཆོས་རྗེ་བླ་མ་དང་མཇལ་བཀའ་བསྡུ་བཞི་པ་སོགས་གནང་། སླར་བདུན་ཅུ་པ་ལྕགས་མོ་གླང་ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ལ་ཞི་བར་གཤེགས།