R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨༠
[A:༡༨༠] སློབ་མ་ཡང་ཆོས་རྗེ་བླ་མ་དང་། ཀ་བཅུ་པ་གཞོན་སེང་སོགས་བྱོན་ཟེར། བྱང་སེམས་རྒྱལ་ཡེའི་སློབ་མ་ནི། མཁས་བཙུན་ཡོན་ཏན་རྒྱ་མཚོ་སྟེ་མདོག་གི་སྤེན་པར་བྱོན། ཆུང་ངུ་ནས་ས་སྐྱར་འཇམ་དབྱངས་པ་ལ་སོགས་པ་བསྟེན། ཕྱིས་ཇོ་ནང་དུ་སྦྱོར་དྲུག་གསན་ནས་གདན་ས་བསྐྱངས། དེའི་སློབ་མ་ནི་ཀུན་མཁྱེན་ཆེན་པོ་ཞེས་བཤད་ཟིན་ལ། ཀུན་མཁྱེན་དོལ་བུ་བས་ལོ་བདུན་ཅུ་བཞུགས། སློབ་མའི་མཆོག་ཀུན་སྤངས་ཆོས་གྲགས་དཔལ། ལོ་ཙཱ་བ་བློ་གྲོས་དཔལ། ཕྱོགས་ལས་རྣམ་རྒྱལ། ས་བཟང་མ་ཏི་པན་ཆེན་ཏེ་སྲས་ཀྱི་གཙོ་བོ་བཞིའོ། གཞན་ཡང་འཇམ་དབྱངས་ཆོས་དཔལ་མགོན་པོ། གཡག་སྡེ་པན་ཆེན། འཇམ་སྔོན་འཇམ་སྒེག། སྣར་ཐང་པ་མཆིམས་བློ་བཟང་གྲགས་པ། ཆོས་ལུང་མཁན་པོ་བསོད་ནམས་བཟང་པོ་དང་གྲགས་པ་རྒྱལ་མཚན་གཉིས། བླ་བྲང་པ་བཟང་པོ་དཔལ། ཐང་ཆེན་པ་ཀུན་དགའ་འབུམ་སོགས་མང་དུ་ཡོད་དོ། ཀུན་སྤངས་ཆོས་གྲགས་དཔལ་ནི། གཡས་རུ་བྱང་གི་དཔོན་ཡོན་བཙུན་ཆེན་པོ་གྲགས་པ་དར་གྱི་གཅེན་དཔོན་ཀུན་དགའ་རྒྱལ་མཚན་གྱི་སྲས་ཏེ། དཔང་ལོདཔལ་ལྡན་སེང་གེབུ་དོལ་ལ་སོགས་པའི་མཁས་གྲུབ་མང་དུ་བསྟེན། བཟང་ལྡན་ཆོས་རྗེ་འགའ་རོང་ཆུད་ཁ་ཆོས་སྡེ་སོགས་ཆོས་གྲྭ་བཏབ། བསྟན་པའི་རྒྱུན་ལ་ཕན་པ་ཆེར་མཛད་དོ། ས་བཟང་མ་ཏི་པ་ནི་མདོག་སྤང་བོར་དུ་བྱོན། བཟང་ལྡན་གྱི་མཁན་པོ་ཐོག་མ་ཡང་མཛད། མཁས་ཤིང་འཕྲིན་ལས་རྒྱ་ཆེ་བར་བྱུང་ངོ།