[A:༡༩༢] བརྟག་པ་བུད་པ་དང་རྟེན་འབྲེལ་སྣེ་འཇོམས་ཏེ་མཁན་པོར་མངའ་གསོལ། དེ་ཡང་ས་ཕོ་ཁྱི་ལོ་བཅོ་བརྒྱད་པ་ནས། ས་མོ་བྱ་ལོ་ཉེར་དགུ་པའི་བར་ལོ་བཅུ་གཉིས་སུ་ཕྱི་ནང་གི་བསླབ་སྦྱང་མཐར་ཕྱིན་མཛད། སུམ་ཅུ་པ་ལྕགས་ཕོ་ཁྱི་ནས་ཞེ་གཅིག་པ། བྱི་ལོའི་བར་ལོ་བཅོ་ལྔ་འཆད་ཉན་ཡང་དག་པ་མཛད། ཞེ་གཅིག་པ་ཤིང་ཕོ་བྱི་ལོ་སྣེ་གདོང་གྲགས་པ་རྒྱལ་མཚན་པས་སྤྱན་དྲངས་ཏེ། ཇོ་གདན་དགེ་འདུན་སྒང་པའི་མཁན་པོ། ཁ་ཆེ་པན་ཆེན་གྱི་གདན་སེང་གེའི་ཁྲི་ལ་ལྔ་བཅུ་རྩ་དྲུག་པ་ས་མོ་ཡོས་ཀྱི་བར་ལོ་བཅུ་དྲུག་ཞབས་བརྟན་པར་འཁོད་དོ།
མདོར་ན་བླ་མ་ཡོངས་འཛིན་བདུན་གྱིས་ལྷག་པའི་བཅུ་ཕྲག་བརྒྱད་བསྟེན། འཆད་པའི་རྒྱུན་བསྲིངས། རྩོམ་པ་ཕལ་ཆེར་སྐུ་ཤིན་ཏུ་བགྲེས་པ་ནས་མཛད་དེ། དོན་གསུམ་པ་ལ་འདུལ་བའི་བཀའ་འགྲེལ་བདུད་རྩི་ཉིང་ཁུ། དོན་བརྒྱད་པ་ལ་འཇམ་དབྱངས་ཁ་ཆེས་བསྐུལ་ཏེ། ཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་པོ་དོན་གསལ། བརྒྱད་ཅུ་པ་ལ་རྣམ་འགྲེལ་གྱི་ཊིཀ། གྱ་གཅིག་པ་ལ་ལོ་ཙཱ་བ་སྐྱབས་མཆོག་གིས་གཞན་སྟོང་དགག་པའི་ལན་ལུང་རིགས་གཏེར་མཛོད་མཛད་དོ། གྱ་གསུམ་པ་ལ་འདུལ་བ་འདི་ལ་བག་ཆགས་སད། རྒན་པོའི་ལག་རྗེས་འཇོག་གསུངས། ལུང་སྡེ་བཞི་སོ་ཐར་གྱི་མདོ་དང་བཅས་པ་ལ་མཆན་བུ་བཏབ། གྱ་ལྔ་པ་ལ་རྒྱུད་བླའི་ཊིཀ་མཛད། རྩོད་པ་ཡང་སངས་པ་དང་བདེ་གཤེགས་སྙིང་པོ་སྐོར་ལ་རྩོད་པ་མཛད་པ་སོགས་བསྟན་པ་དཔང་བཙུགས་ཀྱི་རྩོད་པ་མཛད། དགུང་ལོ་དགུ་བཅུ་རྩ་གསུམ་པ་ཆུ་མོ་གླང་གི་ལོར་གཤེགས་སོ།
སློབ་མའི་མཆོག་ནི། ཆོས་བཟང་ཉི་མ། བཀའ་བཅུ་པ་པདྨ་