[A:༢༡༦] པ་སོགས་མཛད་དོ༎
སྔགས་ཀྱི་བསྟན་པ་སྤེལ་བའི་སློབ་མའི་གྲངས་ཀྱང་། བུ་སྟོན་རིན་པོ་ཆེ་དང་རྗེ་འདི་གཉིས་ལས་ལྷག་པ་མེད་པས་བགྲང་བར་མི་སྤོབས་ཀྱང་། གཙོ་བོ་བསྡུ་ན། བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བཅུ་ནི། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག། སྨར་ཁམས་པ་གྲགས་པ་བཟང་པོ། ཆོས་རྗེ་གཞོན་ནུ་སེང་གེ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། པན་ཆེན་ཤཱཀྱ་མཆོག་ལྡན། ཀུན་མཁྱེན་གོ་རབ་འབྱམས་པ་བསོད་ནམས་སེང་གེ། པན་ཆེན་འབུམ་ཕྲག་གསུམ་པ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། ཐུགས་སྲས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་(གཅིག་ཆད)།
གཞན་ཡང་གུང་རུ་ཤེས་རབ་བཟང་པོ། ཉག་བྲེ་རྒྱུན་སྒུལ་བ་པན་ཆེན་གྲགས་པ་རྒྱལ་མཚན། དཔལ་གྱི་རྒྱལ་མཚན། ཀུན་མཁྱེན་དགའ་གདོང་པ། དམར་སྟོན་རྒྱལ་མཚན་འོད་ཟེར། བཟོད་ཆེན་ཕྱོགས་ཨས་རྣམ་རྒྱལ་སོགས་སོ༎
བསྟན་འཛིན་དམ་པ་ཀུན་དགའ་རྒྱལ་མཚན་ནི། ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་སོགས་བྱོན་པའི་རིགས་རྒྱུད། དབོན་པོ་ནོར་འཕེལ་གྱི་སྲས་སུ། དཔལ་ལྡན་ས་སྐྱའི་མཐོང་སྨོན་བླ་བྲང་དུ་ཆུ་ཕོ་བྱི་[ཁྱི] ལོ་དེ་ཉིད་ལ་བྱོན། ལོ་ལྔ་པ་ལ་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལས་དགེ་བསྙེན་ནོད། བཅུ་པ་ལ་ཤར་པ་ཡེ་ཤེས་རྒྱལ་མཚན་ལ་དགེ་ཚུལ་ནོད། ཀུན་དགའ་རྒྱལ་མཚན་ཞེས་བཏགས། ཉི་ཤུ་པ་ལ་ཐེག་ཆེན་ཆོས་རྗེས་མཁན་པོ་དང་། ཤར་ཡེས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། ཚད་མ་རིགས་གཏེར་རྩ་འགྲེལ་ལ་ཤིན་ཏུ་བྱང་བས།