[A:༢༡༨] ཅིང་ཕྱག་འཚལ་བ། འོད་གསལ་ལས་བཞེངས་པའི་ཚེ་ཡང་གསལ་བར་དྲན། དེང་སང་ཡ་ག་ཆོས་ལྡིངས་ན་ཡང་རྒྱུན་དུ་འདོན་པར་མཛད་དོ། མདོར་ན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་[བསྟན་པ] ཆེས་ཆེར་གསལ་བར་མཛད་དེ། ང་ལམ་འབྲས་པ་མཁས་པ་ཡིན། ནི་གུ་བ་རྒོད་པོ་ཡིན། སྦྱོར་དྲུག་པ་ཉམས་མྱོང་ཅན་ཞེས་གསུང་བ་ཡིན་ཟེར་རོ། སློབ་མའི་མཆོག་ཀྱང་སྔགས་འཆར་ཨཱ་ནན་ཏ་པ། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། སེམས་དཔའ་གཞོན་ནུ་རྒྱལ་མཆོག མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལ་སོགས་པ་མང་དུ་བྱོན་ཏེ། སླར་ཡང་ལོ་རེ་ལྔ་པ་མེ་ཕོ་འབྲུག་(སྟག) གི་ལོ་ཁྲུམས་ཟླ་བའི་ཉེར་བརྒྱད་ལ་གཤེགས་སོ། ཨཱ་ནན་ཏ་པ་ཆུ་ཕོ་བྱི་ལོ་ལ་རྗེ་བཙུན་ཀུན་རྒྱལ་བ་ལོ་བཅུས་བགྲེས་བརྒྱད་ཅུ་རྩ་གསུམ་བཞུགས། མཁས་པ་དགེ་བཟང་ས་མོ་གླང་ཨཱ་ནན་ཏ་པ་ལས་ལོ་ཉེར་གསུམ་གྱིས་བགྲེས་ཏེ་རེ་གཅིག་བཞུགས། མཉམ་མེད་དཔལ་ལྡན་ཆོས་སྐྱོང་ལྕགས་ཕོ་སྟག་ལོ་པ་རྗེ་ཀུན་རྒྱལ་ལས་སོ་བརྒྱད་ཀྱིས་གཞོན་ལོ་ཞེ་གསུམ་བཞུགས་འདུག་གོ།
འདས་ལོ་ནས་སུམ་སྟོང་ལྔ་བརྒྱ་དང་ཉི་ཤུ་འདས་པའི་ཉེར་གཅིག་པ་ས་ཕོ་འབྲུག་
སྤྱི་ལོ་༡༣༨༨
༩། མུས་སྟོད་གླིང་སྐྱར་མུས་ཆེན་དཀོན་མཆོག་རྒྱལ་མཚན་བྱོན། དགུང་ལོ་དགུ་པ་ལ། དབང་འོད་པས་མཁན་པོ་མཛད་དེ་རབ་ཏུ་བྱུང་། བཅོ་ལྔ་པར་གླེ་ལུང་མཁན་པོ་ཀུན་སྨོན་དང་། ཟུར་ཆོས་པ་བྱང་སེང་གཉིས་ལ་ཕར་ཕྱིན་སྤྱོད་འཇུག་སོགས་སྦྱངས། བཅོ་བརྒྱད་པ་ལ་བཤད་སྟོན་མཛད། ཉི་ཤུ་པ་ལ་ནམ་མཁའི་རྣལ་འབྱོར་ལ་གཅོད་ཁྲིད་གསན། ཉེར་གཅིག་པ་ལ་ངམ་རིངས་སུ། བློ་གྲོས་རྒྱལ་མཚན་པ་དང་། སང་ལོ་པའི་དྲུང་དུ་ཕར་ཕྱིན་