R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡
[A:༡༡]བསྟན་པའི་མདོ་དང་། ཀླུ་སྒྲུབ་སོགས་ལུང་བསྟན་པའི་ལུང་དང་། རྒྱལ་རབས་སོགས་བསྒྲིགས་པའི་ལུང་རིགས་དང་འགལ་བའི་ཕྱིར་རོ། ཞེས་གསུངས། འདི་ལ་ཕྱིས་ཀྱི་མཁས་པ་ཅུང་ཟད་རྣམ་དཔྱོད་ལྡན་པ་ཁ་ཅིག་ན་རེ། དུས་འཁོར་ལུགས་ཀྱི་བསྟན་རྩིས་ནི་རྣམ་པར་དག་པའི་འཁྲུལ་མེད་ཁོ་ན་ཡིན་ལ། པན་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱང་དེ་དང་ཅུང་ཟད་ཉེ་བས་མི་འཐད་པ་ཆེར་མེད་ལ། ས་ལུགས་དང་ཇོ་བོའི་ལུགས་གཉིས་ནི་ཆེས་མི་འཐད་དེ། ཀླུ་སྒྲུབ་ཀྱིས་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ལ་བདག་རྐྱེན་མཛད་པར་བཤད་པའི་དུས་བསྒྲིགས་ན་ཡང་མི་འགྲིག་འདུལ་བའི་མཁན་བརྒྱུད་གསར་རྙིང་དང་། བོད་ཀྱི་རྒྱལ་རབས་སོགས་ཀྱི་དུས་བསྒྲིགས་ན་ཡང་མི་འགྲིག་པའི་སྐྱོན་ཡོད་པའི་ཕྱིར། སྐྱོན་དང་པོ་འདི་ལྟར་ཡོད་དེ། ཁྱོད་ཀྱི་ལུགས་ལ་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ནི། སྟོན་པ་འདས་ནས་ལོ་སྟོང་དང་ལྔ་བརྒྱ་ལྷག་པའི་དུས་སུ་བྱོན་པར་ཁས་ལེན་དགོས་ལ། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན། དེས་ལོ་དྲུག་བརྒྱ་བཞུགས་ནས་མྱ་ངན་ལས་འདས་པས། སྟོན་པ་འདས་ནས་ལོ་སྟོང་ལོན་པའི་ཚེ་ཀླུ་སྒྲུབ་འདས་ནས་མི་བཞུགས་པ་གང་དག་གི། ཀླུ་སྒྲུབ་ཀྱིས་རྡོ་རྗེའི་གདན་ལ་རྡོའི་ར་བས་དྲྭ་མིག་གིས་བསྐོར་བ་སོགས་མ་ཧཱ་བོ་དྷི་ལ་བདག་རྐྱེན་མཛད་དོ་ཞེས་ཀྱང་གྲགས་པའི་ཕྱིར་རོ། སྐྱོན་གཉིས་པ་ནི་འདི་ལྟར། ཁྱོད་ཀྱིས་སྟོན་པ་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་ལུང་བསྟན་པའི་གདོང་དམར་ཅན་དེ་བོད་ཡིན་ན། དེ་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལོན་པའི་དུས་དེ། མཁན་པོ་དཔལ་སྦས་བྱོན་པའི་དུས་ཙམ་ཡིན་དགོས་ཏེ། ཀླུ་སྒྲུབ་མྱ་ངན་ལས་འདས་ནས་ལོ་སྟོང་ཐིམ་པ་ཡིན་ལ། དེ་ནས་ལེགས་ལྡན་འབྱེད