[A:༡༥]པོ་ འཁོར་བཅས་ཀུན་དགའ་བར་བྱས་པས་མིང་གཉིས་དེ་ལྟར་བཏགས་སོ།
དེས་ན་དེ་ལྟ་བུའི་དུས་འདི་ནི་བསྟན་པ་འདི་ལ་སངས་རྒྱས་བྱོན་པའི་ཐོག་མའི་དུས་བཟང་པོ་ཞིག་ཡིན་ལ། འདི་ལ་ལྷུམས་ཞུགས་བྱང་ཆུབ་མྱང་འདས་ཀྱི་དུས་གསུམ་ཚང་ཞེས་མཁས་པ་དག་འཆད་མོད། ལྷུམས་ཞུགས་ཀྱི་དུས་རྒྱ་ཆེར་རོལ་པ་ལས་བཤད་ཟེར་ཏེ། དེ་ལྟར་ཁོ་བོས་ཀྱང་རྙེད་ལ། མྱང་འདས་ཆེན་པོའི་དཔེ་འགའ་ཞིག་ལས་མྱང་འདས་ཀྱི་དུས་ཆེན་དུ་བཤད་པ་ཡང་མཐོང་ཞིང་། འདུལ་ལུང་ལས་བལྟམས་པ་དང་མངོན་པར་བྱང་ཆུབ་པའི་དུས་ཆེན་གཉིས་ཡོད་པ་འདི་ལྟར་བཤད་དེ། མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པས། ཁྱིམ་བདག། དཔྱིད་ཟླ་བ་ཐ་ཆུང་ལ་བཙས་ཞེས་དང་། ཡང་ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་ཅེས་གསོལ་པ་དང་། བཀའ་སྩལ་པ་དཔྱིད་ཟླ་ཐ་ཆུང་ལའོ། ཞེས་བཤད། དེ་ལྟར་བལྟམས་པའི་དུས་ཆེན་ཟླ་བ་འདི་ལ་ཡོད་པར་བཤད་པ་ལྟར་ན། ལྷུམས་ཞུགས་ཟླ་བ་འདི་ལ་ངོས་འཛིན་པ་ལ་དཔྱད་པར་བྱར་ཡོད་དོ། འོན་ཀྱང་མདོ་ཐ་དད་ཀྱི་བཤད་ཚུལ་མང་དུ་ཡོད་པས། ཕྱོགས་གཅིག་ལ་ཞེན་པར་མི་བྱ་ཞིང་དྲང་ངེས་དང་དག་མ་དག་གི་སྐབས་ཕྱེད་པ་ཞིག་རྣམ་པ་ཀུན་ཏུ་གཅེས་སོ་ཞེས་གདམས་སོ།
དེ་བས་ན་དེ་ལྟ་བུའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་སྟེ་བདུན་ཕྲག་བདུན་འདས་པའི་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཞིའི་ཉིན། གནས་ཝཱ་ར་ན་སིར། འཁོར་ཀུན་ཤེས་ཀཽཎྜི་ཎྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་པོ་སྟེ་ལྔ་སྡེ་ལ། སྦྱིན་བདག་གཟུགས་ཁམས་ཀྱི་ཚངས་པ་གདོང་ལྔ་པས། ཡོན་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་ཕུལ་ཏེ། རྣམ་པ་བཅུ་གཉིས་དང་ལྡན་པའི་