[A:༢༦༩]བུ་བ་བཞི་བརྒྱ་དང་སུམ་ཅུ་རྩ་གཉིས་བརྩམས་ཟེར།
པྲ་ཏི་མ་ཏ་མི་ཞེས་བྱ་བའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་ལམ་རིམ་མཐའ་དག་སྟོན་པ་ཞིག་ཀྱང་མཛད་དེ་ཆེས་མ་དར། འགྲོ་ལྡིང་དང་སིངྒའི་གླིང་ན་དེ་འཆད་པའི་སྲོལ་ད་ལྟའང་འདུག་གསུང་། སྡོམ་པ་ཉིད་ཤུ་པ་དང་ཟླ་བ་སྒྲོན་མེའི་འགྲེལ་པ་དང་། སྐུ་གསུམ་འཇུག་པ་ནི། ཐེག་ཆེན་གྱི་པཎྜི་ཏ་ཕྱིས་བྱོན་པ་ཐམས་ཅད་ཀྱིས་སློབ་པར་བྱེད་པ་བྱུང་ངོ་། སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་དང་། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བརྒྱ་རྩ་ཞེས་སློབ་དཔོན་འདིས་མཛད་པ་བོད་དུ་འགྱུརབར་སྣང་ངོ་། ཁྱད་པར་ཙནྡྲ་པའི་མདོ་ལེའུ་ཉི་ཤུ་རྩ་བཞི། ཤོ་ལོ་ཀ་བདུན་བརྒྱ་ཡོད་པ་པཱ་ཎི་དང་མཐུན་པ་ཉུང་ངུ་རྣམ་གསལ། དེའི་ཡན་ལག་ཏུ་ཡི་གེའི་མདོ་དང་། ཨུ་ཎ་དེའི་མདོ་དང་། ཏིང་སུཔྲ་ཀྱི་འགྲེལ་པ། ཉི་བསྒྱུར་གྱི་འགྲེལ་པ་རྣམས་མཛད། དེ་ལྟར་སེམས་ཅན་གྱི་དོན་ཡུན་དུ་མཛད་ནས། མཐར་པོ་ཏ་ལར་གཤེགས་པར་བཞེད་དེ། འཛམ་བུའི་གླིང་ནས་དྷ་ན་ཤྲིའི་གླིང་དུ་བྱོན་པ་ན། སྔོན་ཀླུ་ཤེ་ཥ་ལ་སྨད་པས་འཁོན་དུ་བཟུང་ནས་རྒྱ་མཚོའི་རླབས་ཆེན་པོས་གྲུ་གཟིངས་གཞིག་པར་བརྩམས། རྒྱ་མཚོའི་དབུས་ནས་སྒྲ་བྱུང་ནས་ཙནྡྲ་གོ་མི་ཕྱིར་ཕྱུང་ཞིག་ཟེར། སྒྲོལ་མ་ལ་གསོལ་བ་བཏབ་པས། འཕགས་མ་གཙོ་འཁོར་ལྔ་ནམ་མཁའ་ལྡིང་ལ་ཆིབས་པ་མདུན་གྱི་ནམ་མཁའ་ལ་བྱོན་ནས་ཀླུ་རྣམས་འཇིགས་ཤིང་སྐྲག་ནས་བྲོས། གྲུ་དྷ་ན་ཤྲཱིར་བདེ་བར་སླེབས། དེར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་མཆོད་ཅིང་། སྒྲོལ་མའི་ལྷ་ཁང་བརྒྱ་རྩ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་བརྒྱ་རྩ་བཞེངས། རི་བོ་པོ་ཏ་ལར་གཤེགས་ནས་ད་ལྟ་ཡང་ལུས་མ་སྤངས་པར་བཞུགས་ཡོད།