[A:༢༧༡]མཆོག་སྲེད་ལ་ལེགས་པར་བསླབས་སོ། །འོན་ཀྱང་ཅུང་ཟད་མ་རྫོགས་པ་ལས་སློབ་དཔོན་སཔྟ་ཝརྨ་ལས་བླངས་པ་ཡིན་ནོ།
དེ་ལ་སློབ་དཔོན་མཆོག་སྲེད་ཀྱི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་ལ་བརྩོན་པ། འཕགས་པ་ཀླུ་སྒྲུབ་ན་ལནྡའི་མཁན་པོ་མཛད་པའི་ཚེ་མཛདའ་བཤེས་སུ་གྱུར་པ་ཞིག་མ་ག་དྷའི་ཤར་ཕྱོགས་ར་རའི་ཡུལ་ན་ཡོད་པ་ལས། དེས་ལོ་བཅུ་གཉིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྔགས་བཟླས་ཤིང་། མཐར་གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་བས་འཕགས་པ་སྤྱན་རས་གཟིགས་ཞལ་མངོན་སུམ་དུ་བསྟན་ནས། ཁྱོད་ཅི་འདོད་གསུམ་བ་ལ། བདག་གྲུབ་པ་ཆེན་པོ་བརྒྱད་ཀྱིས་སེམས་ཅན་གྱི་དོན་བྱ་བར་འདོད་པས་ནག་པོ་ཆེན་པོ་མངག་གཞུག་ཏུ་འཚལ་ཞུས་པས་དེ་བཞིན་དུ་གནང་ནས། དེང་ཕྱིན་ཆད་དུ་རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་གྲུབ་ཅིང་། རི་ལུ་ལ་སོགས་པ་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེས་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན།
རིག་པ་མཐའ་དག་ཀྱང་མ་བསླབས་པར་རང་ཤེས་སོ། །
དེ་ནས་ནུབ་ཕྱོགས་ཀྱི་ཡུལ་དུ་སོང་ནས་རྒྱལ་པོ་སནྡི་ཝ་ཧ་ན་ཞེས་བྱ་བ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཡུལ་དུ་གནས་སོ། །དེར་ཡང་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་ལ་ཕན་འདོགས་ཤིང་གནས་པ་ལས། ཝ་ར་ཎ་སིར་འོངས་པའི་ཚེ། བར་སྐབས་དེར་བྱུང་བི་རྒྱལ་པོ་བའི་མ་ཤུ་ལ་ཞེས་བྱ་བའི་ཡུལ་དུའང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱས་ཏེ། སྐབས་དེར་ཀ་ལཱི་དཱ་སའི་ལོ་རྒྱུས་སྦྱར།