[A:༢༧༦]རོལ་པ་ཞིག་གོ། །ཞེས་འབྱུང་ངོ་། །
ལྔ་པ་བོད་དུ་འགྱུར་ཚུལ་བཤད་པ་ལ་གསུམ་སྟེ། ཐུ་མི་སམ་བྷོ་ཊའི་དུས་སུ་བརྡ་སྤྲོད་པའི་དབུ་བརྙེས་ཚུལ། སྐ་ཅོག་དང་རིན་ཆེན་བཟང་པོས་སྲོལ་བཏོད་ཚུལ། བདག་ཉིད་ཆེན་པོ་ས་པཎ་དང་། ཤོང་དཔང་ཡབ་སྲས་ཀྱི་སྐབས་སུ་དར་ཞིང་རྒྱས་ཚུལ་བཤད་པའོ། །
དང་པོ་ནི། རྗེ་བཙུན་སྤྲུལ་པའི་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་གསུང་ལས། བོད་ཡུལ་དབུས་ཀྱི་རྒྱལ་པོ་མཆོག །གནམ་རི་སྲོང་བཙན་ཡན་ཆད་ལ། །བོད་ལ་ཡི་གེ་མེད་ཅེས་གྲགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །མཁན་པོ་ཐུ་མི་སམ་བྷོ་ཊས། །ལཙྪའི་ཡི་གེ་དཔེར་མཛད་ནས། དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་མཛད། །དེ་ལས་རྗེས་སུ་འཇུག་པ་བཅུ། །དེ་ལས་ཀྱང་ནི་སྔོན་འཇུག་ལྔ། །ར་ལ་ས་ཡི་མགོ་གསུམ་དང་། །ཡ་ར་ལ་ཡི་སྨད་འདོགས་གསུམ། །ད་དང་ས་ཡི་ཡང་འཇུག་སོགས། །སྟོན་པའི་བསྟན་བཅོས་རྣམ་བརྒྱད་མཛད། །བཀའ་སྲོལ་དེ་ཉིད་ལ་བརྟེན་ནས། །ལོ་པཎ་སྐྱེས་མཆོག་དུ་མ་ཡིས། །རྒྱ་གར་རྒྱ་ནག་ཁ་ཆེ་དང་། །ལི་དང་བལ་པོའི་ཡུལ་སོགས་ནས། །ཐུབ་པའི་གསུང་རབ་སྣ་ཚོགས་བསྒྱུར། །བརྡ་ཡང་མི་འདྲ་སྣ་ཚོགས་བསྒྱུར། །ཅེས་གསུངས་པ་ལྟར། །བོད་ཡུལ་མུན་པའི་གླིང་འདིར་བརྗོད་པ་སྣ་ཚོགས་ཀྱི་སྐད་གདངས་ཡོད་ཀྱང་། རྗོད་བྱེད་ཀྱི་ཡི་གེ་མེད་པས། གསུང་རབ་དང་། ལུགས་བརྒྱའི་གཙུག་ལག་བཟང་པོའི་སྲོལ་ལམ་མེད་པ་ནི། དཔེར་ན་སྐྱེས་བུ་བློ་དང་ལྡན་ཡང་སྨྲ་བའི་ལྕེ་མེད་པ་དང་ཚུལ་མཚུངས་པར་གྱུར་པའི་ཚེ། དེ་དག་ཐུགས་བརྩེ་བས་རྗེས་སུ་བཟུང་བར་བཞེད་ནས། རྗེ་བཙུན་འཇམ་པའི་དབྱངས་ཉིད་མིའི་གཟུགས་ཀྱི་རྣམ་