[A:༢༨༥]པ་བློ་གསལ་གྱི་བསྟན་བཅོས་ཐོར་བུ་ཁ་རེ་དང་། པཎ་ཆེན་ཤཱཀ་མཆོག་གི་བརྡའི་བྱེ་བྲག་རྣམ་པར་འབྱེད་པའི་བསྟན་བཅོས། སྨིན་དྲུག་ལོ་ཙཱ་བའི་ལེགས་པར་བཤད་པ་ལི་ཤའི་གུར་ཁང་ལ་སོགས་པ་རྣམས་ལ་རྟོག་པར་བྱའོ།
རྩ་བའི་གསུམ་པ་བདག་ཉིད་ཆེན་པོ་ས་པཎ་དང་། ཤོང་སྟོན་ཡབ་སྲས་ཀྱི་སྐབས་སུ་དར་ཞིང་རྒྱས་ཚུལ་བཤད་པ་ནི། ཀུན་ཤེས་ལས། སྔ་མའི་བྱིངས་མདོ་ཡི་གེའི་མདོ་འགྲེལ་བཅས། ཕྱི་མའི་བྱིངས་མདོ་ཨུཎ་འགྲེལ་པར་བཅས། །བྱིངས་དང་ཀུན་བཤད་དཔུང་གཉེན་སི་སོགས་ཀྱི། །བྱ་བ་རྒྱས་པ་ལ་སོགས་མང་པོ་དང་། །སྔ་མའི་སུཔྲ་མཐའ་རིན་ཆེན་འབྱུང་ལྡན་སོགས། །སྒྲ་ཡི་ཡན་ལག་སྡེབ་སྦྱོར་རིན་ཆེན་འབྱུང་། །སྙན་ངག་མེ་ལོང་མངོན་བརྗོད་འཆི་མེད་མཛོད། །ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ། །ཤོང་དཔང་ཡབ་སྲས་རྣམས་ཀྱིས་བསྒྱུར་ཞིང་བཤད། །སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་ངུ་འམ། །ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །སྒྲ་རིག་བརྗོད་བྱ་སྤྲོས་ཏེ་བཤད་ན་ནི། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་དོན་ལེགས་པར་འགྲེལ་བ་ལ་ས་བཅད་རྣམ་པ་གསུམ་སྟེ། དང་པོར་བཀའ་དྲིན་ཆེ་བ་བདག་ཉིད་ཆེན་པོ་ས་པཎ་བྱོན་ཚུལ། བར་དུ་བཀའ་དྲིན་ཆེ་བ་ཤོང་དཔང་ཡབ་སྲས་བྱོན་ཚུལ། མཐར་བཀའ་དྲིན་ཆེ་བ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་བྱོན་ཚུལ་བཤད་པའོ། །
དང་པོ་ནི། སྐྱེ་བ་དུ་མར་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་གྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་རང་ཉིད་ཀྱི་ཞལ་གྱིས་བཞེས་ཤིང་མཁས་པ་ཐམས་ཅད་ཀྱི་ཚད་མར་གྱུར་