[A:༢༨༧]གནས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ཡིན་ཏེ། བསྟོད་པ་མཛད་པས་ཀྱང་། ཟབ་མོའི་ལམ་གྱིས་བྱིན་གྱིས་བརླབས་པའི་ཚེ། །ཞེས་སོགས་གསུང་པ་ལྟ་བུའོ། །
འོན་ཀྱང་ཐ་སྙད་དུ་གནས་བཅུ་གསན་ནས་སྲོལ་ཕྱེ་ཚུལ་ཅུང་ཟད་བརྗོད་ན། ཐོག་མར་སྒྲ་རིག་པ་ལ། རྗེ་བཙུན་ཆེན་པོ་གྲགས་པའི་ཞབས་དྲུང་དུ་སྒྲའི་གནས་བརྒྱད་སྨྲ་སྒོ་ལ་སོགས་པ་རྣམས་གསན་ཅིང་། དེ་ནས་འཛམ་བུ་གླིང་གི་རྒྱན་དམ་པར་གྱུར་པ། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་མཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སྒྲ་ཀ་ཙན་སྙིང་པོ་བསྡུ་བ་ལ་སོགས་པའི་སྒྲའི་མདོ་རྣམས་རགས་རིམ་གསན་ཅིང་། ནུབ་ཕྱོགས་ཨ་ཏི་ན་ཝར་སྐུ་འཁྲུངས་པའི་བྲམ་ཟེའི་སློབ་དཔོན་ཆེན་པོ་སུརྒ་ཏ་ཤྲཱི་དཔལ་ལྡན་ས་སྐྱར་སྤྱན་དྲངས་ནས་ལོ་གཉིས་ཀྱི་བར་དུ་ཀ་ལཱ་པ་རྩ་བ་དང་། དེའི་འགྲེལ་པ་སྟོང་ཕྲག་དྲུག་པ་དང་བཅས་པ། མིང་སྒྲུབ་པ་སུ་ཝནྟི། བྱིངས་སྒྲུབ་པ་ཏི་ཝནྟི། རབ་ཏུ་སྒྲུབ་པ་མཐའ་དག་གསན། པཎྜི་ཏ་ཆེན་པོ་སངྒ་ཤྲཱི་ལ་ཙནྡྲ་པ། དེའི་མིང་དང་བྱིངས་ཀྱི་སྒྲུབ་པ་རྣམས་མཐའ་ཆོད་དང་བཅས་པ་གསན་ནས་ཁོང་དུ་ཆུད་པར་མཛད་དེ། དེ་དག་གི་ཚུལ་གསལ་བར་སྟོན་པ་ལ། སྐྲ་ལ་འཇུག་པའི་རྣམ་བཤད། མཁས་པ་འཇུག་པའི་སྒོ། སྨྲ་སྒོའི་དོན་བསྡུ་ལ་སོགས་པ་མཛད་ནས། སྒྲ་རིག་པའི་ཕྱོགས་ཀྱི་སྲོལ་ལེགས་པར་བཏོད་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། གཞན་དག་གིས་ནི་སྔོན་ཆད་ལུགས་འབྱུང་འདི། །གངས་རིའི་ངོགས་འདིར་རྒྱས་པར་མ་མཛད་ལ། །དེ་ན་མཁས་པ་རྣམས་ཀྱང་རྨོངས་གྱུར་པས། །འདི་ལ་ཁོ་བོ་བློ་གྲོས་གསལ་ཕྱིར་དབྱེ། །ཞེས་གསུངས་ཤིང་། དཔལ་ཁང་ལོ་ཙཱ་བའི་བསྟོད་པར་ཡང་། ཨིནྡྲ་པཱ་ཎི་བྱཱ་ཀར་ཆ་བསགས་སོ། །ལེགས་སྦྱར་རྒྱ་མཚོ་དེ་ཉིད་