R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༠
[A:༢༠] མེས་བསྐོར་ཏེ་ལུས་འདི་ཉིད་ཀྱིས་དམྱལ་བར་སོང་བ་ན། སངས་རྒྱས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ཏེ་དགེ་བས་མཚམས་སྦྱར་དེས་ན་མཛོད་འགྲེལ་ལས། དགེ་བ་ཆད་པ་དང་། ལོག་པར་ངེས་པ་ལ་མུ་བཞི་རྩིས་ནས། རྫོགས་བྱེད་ནི་དེར་དགེ་རྩ་ཆད་ལ་ལོག་པར་མ་ངེས་པ་དང་། མ་སྐྱེས་དགྲ་ནི་ལོག་པར་ངེས་པ་ཡིན་ལ་དགེ་རྩ་མ་ཆད་པ་དང་། ལྷས་བྱིན་ནི་གཉིས་ཀ་དང་། འཕགས་པ་རྣམས་ནི་དེ་གཉིས་ཀ་མིན་པར་བཤད་ཅིང་། མཚམས་མེད་བྱེད་པ་འདི་ལ་མིན་ཞེས་མཚམས་མེད་བྱས་ཤིང་དགེ་རྩ་ཆད་པ་ཚེ་འདི་ལ་དགེ་རྩ་མཚམས་སྦྱོར་མི་ནུས་པར་བཤད་ཅིང་དམྱལ་བར་སྐྱེ་བ་ལ་བར་དོ་ངེས་པར་དགོས་པར་བཤད་མོད། འདུལ་ལུང་ལས། རྫོགས་བྱེད་དམྱལ་བར་སྐྱེས་པར་བཤད་པས་ལོག་པར་ངེས་པ་དང་། ལྷས་བྱིན་གྱི་ཚེ་འདི་ལ་དགེ་རྩ་མཚམས་སྦྱར་བར་བཤད་ཅིང་ལུས་མ་སྤངས་པར་དམྱལ་བར་སོང་བར་བཤད་པ་ནི་འདུལ་མངོན་གྱི་མི་འདྲ་བའི་གནད་དང་། ཐེག་ཆེན་ལས། མ་སྐྱེས་དགྲ་ཚེ་འདི་ཉིད་ལ་མཐོང་ལམ་ཐོབ་པར་བཤད་པ་སོགས་ནི་ཐེག་པའི་ཁྱད་དུ་ངེས་པར་མཛོད་ཅིག། འོ་ན་སྟོན་པའི་ལྷ་བབས་ཀྱི་དུས་ཆེན་དང་། ཆོ་འཕྲུལ་གྱི་དུས་ཆེན་ལོ་དང་ཟླ་བ་གང་ལ་བྱུང་སྙམ་ན། པན་ཆེན་འབུམ་ཕྲག་གསུམ་པའི་འདུལ་བའི་སྤྱི་དོན་ལས། དྲུག་པའི་ཚེས་བཞིའི་ཕྱི་དེ་ནས་ཞག་བཅུ་གཅིག་འདས་པ་གྲོ་ཞུན་གྱི་མར་ངོའི་ཚེས་གཅིག་ནས་བཟུང་སྟེ་ཟླ་བ་གསུམ། སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད། དབྱུག་པའི་ཚེས་བཅོ་ལྔ་ལ་འཛམ་བུ་གླིང་དུ་བྱོན་པས་ལྷ་བབས་ཀྱི་དུས་ཆེན་ཞེས་བྱ། དེ་ནས་ཞག་བརྒྱ་དང་ལྔ་སོང་བ་རྟ་ཟླའི་ཚེས་གཅིག་ནས་བཅོ་ལྔའི་བར་ལ་ཆོ་འཕྲུལ་གྱི་དུས་ཆེན་ཡོད་པར་བཤད་ཅིང་། དེ་ལྟར་རྒྱལ་བ་དཀོན་མཆོག་དཔལ་གྱིས་ཀྱང་བཤད་མོད། ཁོ་བོ་ནི་ཅུང་ཞིག་མི་