[A:༢༡] འཐད་པར་སེམས་ཏེ། ཆོ་འཕྲུལ་གྱི་དུས་ཆེན་ནི། གཟུགས་ཅན་སྙིང་པོ་དང་། གསལ་རྒྱལ་སོགས་ཀྱིས་བསྐུལ་ནས་མཉན་ཡོད་དུ་བསྟན་པ་ཡིན་ལ། གོང་གི་ཆོ་འཕྲུལ་གྱི་ལོ་ཟླ་དེ་ནི། སྟོན་པ་སངས་རྒྱས་པའི་ཕྱི་དེའི་ལོ་ཡིན་པས་དུས་དེའི་ཚེ། མཉན་ཡོད་རྒྱལ་བྱེད་ཀྱི་གཙུག་ལག་ཁང་སོགས་མ་ཐེབས་ཤིང་མཉན་ཡོད་དུ་བསྟན་པ་མ་བྱུང་བའི་ཕྱིར་རོ། དེས་ན་ཁོ་བོ་ནི་ལྷ་བབས་ཀྱི་དུས་ཆེན། སྟོན་པ་སངས་རྒྱས་པའི་ལོ་དྲུག་པ་ལ་ཡབ་སྲས་མཇལ་ཏེ་ཡབ་བདེན་པ་ལ་བཀོད། སྟོན་པ་བལྟམས་ནས་ཞག་བདུན་ན་ཡུམ་འདས་ཏེ། སུམ་ཅུ་རྩ་གསུམ་དུ་སྐྱེས་པ་དེ་ཉིད་བདེན་པ་ལ་བཀོད་པའི་ཕྱིར་དུ། སངས་རྒྱས་པའི་ལོ་བདུན་པ་ས་ཕོ་སྤྲེལ་ལོར་ལྷ་གནས་སུ་དབྱར་གནས་མཛད་དེ་འཛམ་གླིང་དུ་བབས་པའི་དུས་ཆེན་ཡིན་པར་མངོན་ཏེ། རྒྱུ་མཚན་སྟོན་པའི་དབྱར་གནས་ཀྱི་རིམ་པ་བརྗོད་པ་ན་དབྱར་གནས་བདུན་པ་སུམ་ཅུ་རྩ་གསུམ་དུ་མཛད་ཅེས་འབྱུང་བའི་ཕྱིར་རོ།
ཆོ་འཕྲུལ་གྱི་དུས་ཆེན་ལ་ལོའི་ངེས་པ་མ་རྙེད་ཅིང་། མཁས་པ་དག་ལ་འདི་སྐད་ཅེས་གླེང་སྟེ། ཆོ་འཕྲུལ་གྱི་དུས་ཆེན། ལྷས་བྱིན་གྱི་མཚམས་མེད་ཀྱི་ལས་གསུམ་རྫོགས་པའི་སྔ་རོལ་དུ་བྱུང་ངམ། ཕྱིས་སུ་བྱུང་། སྔ་མ་ལྟར་ན་ཆོ་འཕྲུལ་གྱི་ཚེ་སྟོན་པ་རྫོགས་བྱེད་སོགས་ཚུར་ལྷུང་ནས་ཤིའོ་ཞེས་མཛངས་བླུན་དང་འདུལ་ལུང་གཉིས་ཆར་ནས་བཤད་པ་ལས། ལྷས་བྱིན་གྱིས་མཚམས་མེད་ཀྱི་ལས་གསུམ་བྱས་ཏེ་འགྱོད་པ་ན། རྫོགས་བྱེད་ཀྱིས་ཆད་ལྟ་བསྟན་ནས་ལོག་ལྟས་དགེ་རྩ་ཆད་པར་འདུལ་ལུང་ལས་བཤད་པ་དང་འགལ་བར་མི་འགྱུར་རམ། གལ་ཏེ་ཕྱི་མ་ལྟར་ན། ཆོ་འཕྲུལ་བསྟན་པའི་སྦྱིན་བདག་ནི་གཟུགས་ཅན་སྙིང་པོ་དང་། གསལ་རྒྱལ་སོགས་ཡིན་པར་མདོ་ལུང་གཉིས་ཆར་ནས་