R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༥
[A:༢༥]མགུ་བར། ཕྱིས་ཀྱི་སྟོན་པ་ཡང་དག་རྒྱལ་བ་ཅན་ལས་རབ་ཏུ་བྱུང་བ་ན། དེ་ཡང་ནད་ཀྱིས་ཟིན་ཏེ། མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར༎ བསགས་པའི་མཐའ་ནི་འཛད་པ་སྟེ༎ གསོན་པའི་མཐའ་ནི་འཆི་བ་སྟེ༎ འདུས་པའི་མཐའ་ནི་འབྲལ་བ་ཡིན༎ ཞེས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏེ། དེའི་མཆིད་ཀྱིས་གངས་ཀྱི་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱའི་རིགས་ལས་རབ་ཏུ་བྱོན་པའི་སངས་རྒྱས་ཡོད་ཀྱི། དེར་རབ་ཏུ་བྱུང་ཞིག་ཅེས་ལུང་བསྟན། དེའི་ཚེ་སྟོན་པའོད་མའི་ཚལ་ན་བཞུགས་པས། འཕགས་པ་རྟ་ཐུལ་གྱི་སྤྱོད་ལམ་གྱིས་སེམས་ཡིད་འཕྲོགས་ཏེ། དེས། ཆོས་རྣམས་གང་དང་རྒྱུ་ལས་བྱུང་བ་དང་། ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་ཤཱ་རིའི་བུས་བདེན་པ་མཐོང་། ཤཱ་རིའི་བུས་དེ་ལན་གཉིས་བཟླས་པས་མོའུ་གལ་གྱི་བུས་བདེན་པ་མཐོང་སྟེ། སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས། སྟོན་པའི་ཉན་ཐོས་ཀྱི་གཙོ་བོ་མཆོག་ཟུང་དུ་ལུང་བསྟན་ནོ། དེ་ལྟ་བུའི་མཆོག་ཟུང་ནི་སྟོན་པ་དང་མི་འབྲལ་བར་སྨོན་ལམ་བཏབ་པའི་དབང་གིས་སྟོན་པའི་སྔ་རོལ་དུ་མྱ་ངན་ལས་འདས་པ་ནི་ཡིན་མོད། དུས་ནམ་གྱི་ཚེ་མྱ་ངན་ལས་འདས་སྙམ་ན། འདུལ་བ་ལུང་གི་ཚིག་རིགས་འགའ་ལ་གཞིགས་པ་ན། སྟོན་པས་བརྒྱད་ཅུ་ལོན་པའི་ཕག་གི་ལོའི་སྟོན་པ་མྱ་ངན་ལས་འདའ་བའི་སྔ་རོལ་ཙམ་དུ་མཆོག་ཟུང་ཡང་འདས་པར་མངོན་ཏེ། རྒྱུ་མཚན་རྒྱལ་པོ་གསལ་རྒྱལ་གྱིས། ཤཱཀྱའི་གྲོང་རྡལ་མེ་ཙུ་རུ་དེར་སྟོན་པ་ལ་ཆོས་ཉན་པའི་ཚེ། བཙུན་པ། བདག་ཀྱང་ན་ཚོད་རྒས་པ་བརྒྱད་ཅུ་ལོན་པ་ལགས་ལ། བཅོམ་ལྡན་འདས་ཀྱང་ན་ཚོད་འགྲེས་པ་བརྒྱད་ཅུ་ལོན་པ་ལགས་སོ།