[A:༣༠] གྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ། བརྗོད་པ་གསུམ་གྱི་ཚེ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དགྲ་བཅོམ་པ་ཉི་མ་གུང་པ་དང་ཆུ་དབུས་པ་ཞེས་གྲགས།
དེ་ནས་ཁ་ཆེར་བྱོན་པ་ན། ཀླུ་རྣམས་འཁྲུགས་ཏེ། མདའི་ཆར་ཕབ་པས་ཨུཏྤལ་གྱི་ཆར་དང་། རྡོ་རྗེ་རྩེ་གཅིག་པའི་ཆར་ཕབ་པས་ཀུ་སུ་མའི་ཆར་དུ་གྱུར་པ་དང་། ཀླུ་རྣམས་ངོ་མཚར་སྐྱེས་པ་ན། གནས་བརྟན་གྱིས། ཡུལ་འདི་ང་ལ་བྱིན་ཅིག དབུལ་བར་རྔོ་མི་ཐོགས་སོ། འདི་བཅོམ་ལྡན་འདས་ཀྱིས་ངའི་གནས་སུ་ལུང་བསྟན་པས་དེང་ཕྱིན་ཆད་འདི་ངའི་ཡིན་ནོ་ཞེས་སྨྲས་པ་དང་། གནས་ཇི་ཙམ་ཞིག་དབུལ་བར་བགྱི། སྐྱིལ་མོ་ཀྲུང་བཅས་པ་ཙམ་མོ། སྐྱིལ་ཀྲུང་བཅས་པས་ལུང་པ་དགུའི་མདོ་སྐྱིལ་ཀྲུང་གིས་ཁེབས་སོ། འཁོར་ཇི་སྙེད་ཅིག་མངའ། དགྲའ་བཅོམ་པ་ལྔ་བརྒྱའོ་ཞེས་སྨྲས་པ་དང་ཀླུ་རྣམས་ཀྱིས་གལ་ཏེ་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་ན་གནས་འདི་ངས་དབྱིག་པར་བྱའོ་ཞེས་སྨྲས་སོ། སྨྲས་པ་དེ་ལྟར་ཡིན་མོད་ཀྱི་གང་ན་སྦྱིན་བདག་གནས་པ་དེ་ན་ལེན་པ་ཡོད་པས། ངས་ཁྱིམ་བདག་འཇུག་པར་བྱའོ། ཞེས་དང་རང་ཉིད་ཀྱིས་གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་བྱས་ཏེ་སྐྱེ་བོའི་ཚོགས་དག་ཞུགས་པ་ན། དེ་དག་གིས་བདག་ཅག་ཇི་ལྟར་འཕེལ་བར་འགྱུར་ཞེས་སྨྲས་པ་དང་། གནས་བརྟན་གྱིས་སྐྱེ་བོའི་ཚོགས་དག་ཁྲིད་དེ། རི་སྤོས་ངད་ལྡན་ནས་གུར་གུམ་ཐོགས་ཤིག། དེ་ཡང་ཀླུ་རྣམས་འཁྲུགས་པ་ན། དེ་དག་ཀྱང་བཏུལ་བ་ན་ཀླུས་སྨྲས་པ། བསྟན་པ་ཇི་ཙམ་གནས། ལོ་སྟོང་ངོ། ཇི་ཙམ་ན་ཁ་ཆེའི་ཡུལ་དུ་གུར་གུམ་བཞག་པར་བྱིན་གྱིས་བརླབས་སོ།
དེ་ལྟ་བུའི་དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེར་བསྟན་པ་བཙུགས་ཤིང་། སྤོས་ཚོང་གི་ཁྱེའུ་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་རབ་བྱུང་བསྙེན་རྫོགས་བྱས་