R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༡
[A:༣༡]ཏེ། དེས་ཀྱང་འཕགས་ཡུལ་བཅོམ་རླག་ཅེས་བྱ་བར་བསྟན་པ་སྤེལ་ཏེ། གདམ་ངག་སྟོན་པའི་ཐ་མ་ཉེར་སྦས་ཡིན་པར་བཤད་དོ། དེ་ལྟར་ཀུན་དགའ་བོ་གང་གཱའི་དབུས་སུ་མྱ་ངན་ལས་འདས་ཏེ། སྐུའི་ཕྱེད་རྒྱལ་ཁབ་པ་དང་། ཕྱེད་ཡངས་པ་ཅན་པས་ཐོབ་སྟེ། མཆོད་རྟེན་བརྩིགས་སོ། དེ་ནས་བསྡུ་བ་གཉིས་པའི་དུས་ཀྱི་དགྲ་བཅོམ་པ་བདུན་བརྒྱ་པོ་ཡང་ཀུན་དགའ་བོའི་མཁན་བུ་ཁོ་ན་ཡིན་ཏེ། ཉི་མ་གུང་པ་ཡང་ཀུན་དགའ་བོས་བསྙེན་པར་རྫོགས་པར་བཤད་པས། ཀུན་དགའ་བོ་དགུང་ལོ་བརྒྱ་དང་ཞེ་ལྔ་བཞུགས་ཏེ། འདས་ལོ་ནས་ལོ་བརྒྱ་ལོན་པའི་མེ་ཡོས་རབ་བྱུང་གི་ལོ་
སྤྱི་ལོའི་སྔོན་གྱི་ལོ་ ༢༠༣༣
དེ་ཉིད་ལ་མྱ་ངན་ལས་འདས་པར་མངོན་ཏེ། ཀུན་དགའ་བོ་སྟོན་པའི་དགུང་ལོ་སོ་ལྔ་པ་ཆུ་ཕོ་སྟག་ལ་བལྟམས་ནས། གང་གཱའི་དབུས་སུ་ཉི་མ་གུང་པ་ལ་བསྙེན་རྫོགས་མཛད་པའི་ལོར་མྱ་ངན་ལས་འདས་པ་གང་ཞིག། སྟོན་པ་འདས་ནས་ལོ་བརྒྱ་ལོན་པའི་ཚེ་ཉི་མ་གུང་པ་འབྱུང་བར་ལུང་བསྟན་པའི་ཕྱིར་རོ།
དེ་ནས་བསྡུ་བ་གསུམ་པ་ནི། རབ་དབྱེ་ལས། དེ་ལྟར་དག་པར་བྱས་པའི་རྗེས༎ ལྷ་ཆེན་ཞེས་བྱའི་དགེ་སློང་ཞིག༎ བསྟན་པ་འདི་ལ་ཆོམ་རྐུན་བྱུང་༎ ཞེས་སོགས་ནས་འདས་ལོ་ནས་ལོ་བཞི་བརྒྱ་ལོན་པ་ས་ཕོ་འབྲུག་གི་ལོར་
སྤྱི་ལོའི་སྔོན་གྱི་ལོ་༡༧༣༣
དགྲ་བཅོམ་པ་སེང་གེ་སོགས་དགྲ་བཅོམ་པ་ལྔ་བརྒྱ། སོ་སྐྱེའི་པཎྜི་ཏ་ལྔ་བརྒྱ། བྱང་སེམས་བདུན་སྟོང་སྟེ་པཎྜི་ཏ་ཁྲི་བདུན་སྟོང་གིས། ལྷ་ཆེན་ཆོས་ལོག་སུན་དབྱུང་། སྡེ་སྣོད་གསུམ་གླེགས་བམ་དུ་བྲིས། སྡེ་པ་བཅོ་བརྒྱད་ཀྱི་བསྟན་པ་རྣམ་དག་ཏུ་བསྡུས་པའི་སྒོ་ནས་བཀའ་བསྡུ་གསུམ་མཛད།