[A:༣༣]
འདི་སྐབས་ཀྱི་གཞི་ལྔ་ནི། གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོས་པར་བྱེད་པ་དང་ལྔ་ལ་བཤད་དེ། འདི་ལྔ་ནི་སྡེ་པ་རྣམས་གྱེས་པའི་རྩོད་གཞིར་གྱུར་པ་ཆེན་པོ་ཡིན་ནོ་སྙམ་དུ་སེམས་སོ།
གཉིས་པ་ཐེག་ཆེན་གྱི་བསྟན་པ་དར་ཚུལ་ནི། རབ་དབྱེ་ལས། དེ་ནི་ཉན་ཐོས་རྣམས་ཀྱི་ཡིན༎ ཐེག་པ་ཆེན་པོའི་བསྟན་པ་ནི༎ ཤིན་ཏུ་དར་བར་གྱུར་པའི་ཚེ༎ ཞེས་པ་ལྟར། བཀའ་བསྡུ་གསུམ་པ་ཡན་ཆད་ནི། ཉན་ཐོས་བསྟན་པ་ཤིན་ཏུ་དར་བ་ཡིན་ལ་ཐེག་ཆེན་གྱི་བསྟན་པ་སྟོན་པ་འདས་ནས། སྡེ་པ་བཅོ་བརྒྱད་དུ་གྱེས་པའི་འཁྲུག་ལོང་གི་སྐབས་སུ་ནུབ་པ་ལྟ་བུར་གྱུར་པའི་ཚེ། འདས་ལོ་ནས་ལོ་སུམ་བརྒྱ་ལོན་པ་ས་ཕོ་བྱི་བའི་ལོར་
སྤྱི་ལོའི་སྔོན་གྱི་ལོ་ ༡༨༣༣
བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་ཏེ། ཐེག་ཆེན་གསང་སྔགས་ཀྱི་བསྟན་པ་གཙོ་བོར་སྤེལ། ས་ར་ཧ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་འདི་ཆེ་བ་སྟེ་གྲུབ་ཐོབ་བརྒྱད་ཅུར་གྲགས་པའི་སྤྱི་མེས་སོ། འདིས་ལོ་སྟོང་དང་བརྒྱད་བརྒྱ་བཞུགས་པར་གྲགས་སོ།
འདས་ལོ་ནས་ལོ་བཞི་བརྒྱ་ལོན་པ་ས་ཕོ་འབྲུག་སྤྱི་ལོའི་སྔོན་གྱི་ལོ་ ༡༧༣༣
ཉན་ཐོས་ཀྱི་བཀའ་བསྡུ་གསུམ་པ་མཛད་པའི་ལོ་དེ་ཉིད་ལ་འཕགས་པ་ཀླུ་སྒྲུབ་བལྟམས། འདིས་སྔོན་མ་བསྒྲགས་པའི་སེང་གེའི་ང་རོ་ལན་གསུམ་བསྒྲགས་ཏེ། གཏམ་ཚོགས་སུ་ཀུན་རྫོབ་ལས་འབྲས་ཀྱི་གནད་བཤད་དེ་མེད་པའི་མཐའ་བསལ། རིགས་ཚོགས་སུ་དོན་དམ་རྟེན་འབྲེལ་སྟོང་ཉིད་ཀྱི་གནད་བཤད་དེ་ཡོད་པའི་མཐའ་བསལ། བསྟོད་ཚོགས་སུ་བདེན་གཉིས་ཟུང་འཇུག་གཞི་ལམ་འབྲས་གསུམ་གྱི་གནད་བཤད་དེ་ཐེག་ཆེན་དབུ་མའི་སྲོལ་རྒྱ་ཆེར་བཏོད་པ་ཡིན་ནོ།