[A:༣༧]གཅིག་པ་ཁ་རེ་མཐོང་ཡང་མངས་པས་མ་བྲིས་སོ། སློབ་དཔོན་འདི་བྱོན་པའི་ས་ཕོ་བྱི་བ་ནས། ད་ལྟའི་ཤིང་ཕོ་བྱི་ལོ་འདི་ནི། ལོ་སུམ་སྟོང་ཉིས་བརྒྱ་གོ་དྲུག་འདས་པའི་གོ་བརྒྱད་(བདུན) པ་ཡིན་པར་ཤེས་པར་བྱའོ།
དེ་ནི་དབུ་མའི་སྲོལ་ཕྱེ་ཚུལ་ཡིན་ལ། རྣམ་རིག་པའི་བསྟན་པ་དར་བའི་ཚུལ་ནི། རབ་དབྱེ་ལས། ཉི་མ་སྒྲུབ་པའི་མུ་སྟེགས་བྱེད༎ སྤྲང་པོ་ཉི་མའི་དངོས་སྒྲུབ་ཀྱིས༎ གཙུག་ལག་ཁང་རྣམས་བསྲེགས་པའི་ཚེ༎ དམ་ཆོས་མངོན་པ་ལ་སོགས་པའི༎ སྡེ་སྣོད་ཕལ་ཆེར་བསྲེགས་ཞེས་གྲགས༎ དེ་ནས་འཕགས་པ་ཐོགས་མེད་ཀྱིས༎ མི་ཕམ་མགོན་ལ་གསན་ནས་ནི༎ དེ་ཡི་གཞུང་ལུགས་དར་བར་མཛད༎
ཅེས་པ་ལྟར། འཕགས་པ་ཀླུ་སྒྲུབ་བྱོན་པའི་རྗེས་དེ་ཙམ་ནས། ཆོས་མངོན་པ་ལ་དགྲ་ལན་གསུམ་དར་བའི་དང་པོ། མུ་སྟེགས་ཀྱི་རྒན་མོས་ནང་པའི་གཎྜིའི་སྒྲ་ལ་བརྟགས་པས། ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་མཆོད་པའི་དཀོན་མཆོག་གསུམ་གྱི་%རྟོག་སྡེ%་འདི་བརྡུངས་པས་མུ་སྟེགས་འཆལ་བའི་ཀླད་པ་འགེམས་ཞེས་པ་ཞིག་འབྱུང་བར་ཤེས་ནས་མུ་སྟེགས་ཀྱིས་དམག་དྲངས་ནས་བསྣུབས།
གཉིས་པ་ནི། ཡུལ་དབུས་ཀྱི་རྒྱལ་པོས། སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་སྙིང་གར་རྐང་རྗེས་འདྲ་བ་ཡོད་པ་ཞིག་སྐྱེས་སུ་བསྐུར་བས། ངན་སྔགས་བྱས་སོ་ཞེས་སྟག་གཟིག་གིས་དམར་དྲངས་ནས་བསྣུབས།
གསུམ་པ། མུ་སྟེགས་ཀྱི་སྤྲང་པོ་གཉིས་ལ་བཀྲུ་ཆུ་གཏོར་བས་ཁོ་འཁྲུགས་ཏེ། ལོ་དགུ་དོང་དུ་ཉི་མ་བསྒྲུབས་ནས་སྤྲང་པོ་ཉི་མ་དངོས་གྲུབ་