R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༣༨
[A:༣༨] ཅེས་གྲགས་པ་དེས་མིག་ནས་ཉི་མའི་འོད་ཟེར་བཀྱེ་ནས་གཙུག་ལག་ཁང་རྣམས་བསྲེགས་ནས་བསྣུབས། དེའི་ཚེ་གསང་བ་འདུས་པའི་གླེགས་བམ་ལས་ཆུ་བྱུང་སྟེ་མི་ཤི་བར་བྱས་སོ་ཞེས་དང་། ཀླུ་སྒྲུབ་ཀྱིས་འབུམ་ཀླུ་ཡུལ་དུ་གདན་དྲངས་ནས་བྲོས་སོ་ཞེས་ཀྱང་གྲགས་སོ། དེ་ནས་འདས་ལོ་ནས་ལོ་དགུ་བརྒྱ་ལོན་པ་ས་ཕོ་བྱི་བའི་ལོར་
སྤྱི་ལོའི་སྔོན་གྱི་ལོ་ ༡༢༣༣
བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་ཞེས་པས། རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་སྐུ་བལྟམས་ཏེ། ལོ་བཅུ་གཉིས་སུ་བྱམས་པ་བསྒྲུབས་པས། ཆོས་རྒྱུན་ཏིང་ངེ་འཛིན་ལས་བྱམས་པ་སྤྲུལ་སྐུའི་ཞལ་མཐོང་སྟེ། དགའ་ལྡན་དུ་ཞལ་གྱི་བདུད་རྩི་ངོམས་པར་འཐུང་། སླར་བྱམས་པ་ལོངས་སྐུའི་ཞལ་མཐོང་སྟེ་བདེན་པ་མངོན་སུམ་དུ་གཟིགས། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་ལ་སོགས་པའི་བསྟན་བཅོས་མང་དུ་བརྩམས། ལྟ་བ་རྣམ་རིག་གི་སྲོལ་ཕྱེ་སྟེ་ཐེག་ཆེན་གྱི་བསྟན་པ་དར་བར་མཛད་ཅིང་། དེའི་སློབ་མའི་གཙོ་བོ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་བྲམ་ཟེ་དང་འདུས་པ་ལས་འཁྲུགས་པའི་གཅུང་དབྱིག་གཉེན་ཏེ། ཐོག་མར་ཁ་ཆེར། ཁ་ཆེ་འདུས་བཟང་ལ་བརྟེན་ཏེ་བྱེ་སྨྲ་བའི་ལུགས་སྲོལ་ལ་སྦྱངས་ཤིང་། ཕྱིས་གཅེན་ཐོགས་མེད་ལས་ཐེག་ཆེན་གྱི་བཀའ་སྡེ་སྣོད་གསན་པ་དེའི་སློབ་མའི་གཙོ་བོ་ནི། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་དང་བཞིའོ། དེས་ན། ཐོགས་མེད་བྱོན་པའི་ས་ཕོ་བྱི་བ་ནས་ཉིས་སྟོང་བདུན་བརྒྱ་གོ་བདུན་འདས་པའི་གོ་བརྒྱད་པ་ནི་ད་ལྟའི་ཤིང་ཕོ་བྱི་ལོ་འདིའོ། འདིས་ལོ་བརྒྱ་དང་ལྔ་བཅུ་བཞུགས་སོ།