R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༤༡
[A:༤༡] དེ་ནས་བསྟན་པ་དར་བའི་ཚེ༎ ཞེས་པའི་རྡོ་རྗེའི་ཚིག་འདི་ཉིད་ཅུང་ཟད་བཀྲོལ་ན། འོ་ན་བོད་གངས་ཅན་དུ་བསྟན་པ་དར་བ་འདི། རྒྱལ་པོ་སུ་ཞིག་གི་ངོ་ལ་ལོ་པན་ཇི་ལྟ་བུའི་བཀའ་དྲིན་ལས་དུས་ནམ་གྱི་ཚེ་ཚུལ་ཇི་ལྟར་དར་སྙམ་ན་འདི་ལ་གཉིས། བསྟན་པ་སྔ་དར་བྱུང་བའི་ཚུལ་དང་། ཕྱི་དར་བྱུང་བའི་ཚུལ་ལོ། དང་པོ་ལ་ཡང་གསུམ། བསྟན་པ་དབུ་བརྙེས་པའི་ཚུལ། བསྟན་པ་སྲོལ་བཏོད་པའི་ཚུལ། བསྟན་པ་དར་ཞིང་རྒྱས་པའི་ཚུལ་ལོ། དང་པོ་ནི། སྤྱིར་བོད་ཀྱི་རྒྱལ་རབས་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པས། བོད་ཀྱི་རྒྱལ་པོ་ཁྲི་བདུན་སྟེངས་གཅིག་དང་། ལེགས་དྲུག་ལྡེ་བརྒྱད་བཙན་བཞི་ཞེས་བྱ་སྟེ༎ ཉི་ཤུ་རྩ་དྲུག་སྔོན་གྱི་རྒྱལ་པོ་ཡིན༎ ཞེས་པ་ལྟར་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས། %གནམ་སྲི་སྲོང་བཙན%་(ཁྲི་ཐོག་རྗེ་ཐོག་བཙན) གྱི་བར་རྒྱལ་རབས་ཉི་ཤུ་རྩ་དྲུག་གི་བར་ལ་རྒྱལ་བའི་བསྟན་པའི་མིང་ཙམ་ཡང་མ་བྱུང་ལ། ཁྲི་བདུན་པ་གྲི་གུམ་བཙན་པོའི་ངོ་ལ་བོན་གྱི་བསྟན་པ་དར་ནས་རིམ་པར་བྱུང་ངོ། འོ་ན་གཉའ་ཁྲི་བཙན་པོ་དེ་དུས་ནམ་གྱི་ཚེ། རིགས་གང་ལས་བྱུང་སྙམ་ན། འདི་ལ་བོད་སྤྱིའི་མི་རིགས་ཀྱང་བོད་ཀྱི་གཏམ་ལས་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པར་བཤད་མོད། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས། སྐྱབས་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅོ་བརྒྱད་འཐབ་པའི་དུས་སུ། རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བར་བཤད་ལ། དེའི་སྐྱབས་སེང་བུ་ལྔ་ནི། གཡུལ་ངོར་བརྟན་པའཇིག་སྡེ། སྲིད་སྒྲུབ། ལྷར་