[A:༤༥] ལོ་རེ་བཞིན་གཞོན་དུ་སོང་ནས་ལོ་བཅུ་དྲུག་པར་གྱུར་ཏེ། ལུས་རྟེན་གཅིག་ལ་སྐུ་ཚེ་གཉིས་བཞེས་ཀུན་དྲིལ་ལོ་བརྒྱ་ཉི་ཤུ་བཞུགས་སོ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་རྨི་ལམ་དུ་ལུང་བསྟན།
དེ་ལྟར་ཐོ་ཐོ་རི་སྙན་བཙན། ཁྲི་སྙན་གཟུགས་བཙན། འབྲོ་སྙན་སྡེ་རུ། སྟག་རི་སྙན་(གཉན) གཟིགས། གནམ་སྲི་(རི) སྲོང་བཙན་ཏེ་ལྔའི་རིང་ལ། དམ་པའི་ཆོས་ཀྱི་གླེགས་བམ་བྱུང་ཞིང་། གཉན་པོ་གསང་བ་ལ་མཆོད་པ་ཙམ་བྱུང་བས། ཆོས་ཀྱི་དབུ་བརྙེས་པའི་གདུང་རབས་ཞེས་བྱ་སྟེ། ལྷ་མོ་དྲི་མ་མེད་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ་འདི་ཙམ་ལ་དགོངས་སོ་ཞེས་ཤེས་དགོས་སོ།
དེབ་སྔོན་དུ་གྲགས་པ་ལས། ནེལ་པ་པཎྜི་ཏ་ན་རེ། ནམ་མཁའ་ལས་བབས་ཟེར་བ་བོན་པོ་ནམ་མཁའ་ལ་དགའ་བས་བོན་གཏམ་ཡིན་གྱི། དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལེ་ཐེ་སེས་ཆོས་དེ་གཉིས་ཁྱེར་ནས་འོངས་པ་ལ། རྒྱལ་པོས་ཡི་གེ་ཡང་མི་ཤེས། དོན་ཡང་མི་གོ་བས་པཎྜི་ཏ་དང་ལོ་ཙཱ་བ་ཕྱིར་ལོག་ཟེར་བ་འདི་ག་འདྲ་སྟེ། དུས་ཕྱིས་རྦ་གསལ་སྣང་གིས་བལ་པོར་ཕྱིན་མཁན་པོ་ཞི་འཚོ་དང་མཇལ་བའི་ཚེ། མཁན་པོའི་གསུང་ལས། བོད་ཀྱི་བཙན་པོ་དང་ཁྱོད་དང་། ང་དང་གསུམ་གྱིས་འོད་སྲུང་གི་བསྟན་པ་ལ་བྱ་རྫི་མའི་བུ་གསུམ་དུ་གྱུར་ནས་བོད་དུ་བསྟན་པ་སྤེལ་བའི་སྨོན་ལམ་བཏབ་པ་ཡིན་ཏེ། བཙན་པོ་ཡང་མ་སྐྱེས་ཁྱོད་ཀྱང་ནར་མ་སོན་པས་ངས་འདི་ན་རྒྱལ་རབས་དགུའི་བར་སྒུག་ཅིང་བསྡད་པ་ཡིན་གསུངས་པ། རྦ་བཞེད་གཙང་མ་ན་སྣང་བའི་ཕྱིར་ཞེས་བཤད་འདུག་པ་ལྟར། དོན་ལའང་གནས་སམ་