[A:༨༦] ཞིང་དུ་གཤེགས་སོ། དེས་ན་འདི་བྱོན་པའི་ཆུ་ཕོ་བྱི་ལོ་ནས་ད་ལྟའི་བར་དུ་ལོ་ལྔ་བརྒྱ་དང་ང་གཉིས་ལོན། ལོ་འདི་ཕྱི་དར་ས་མོ་བྱ་ནས་རེ་བཞི་པ་ཡིན་ཞིང་། འདི་དང་གྲ་པ་མངོན་ཤེས་དགུང་མཉམ་དང་། ཁུ་རྔོག་འབྲོམ་གསུམ་གྱི་ཟླས་ཕྱེ་བའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། ནག་ཚོ་ལོ་ཙཱ་བ་ཚུལ་རྒྱལ་བ་གཉིས་འདི་བས་ལོ་གཅིག་གིས་བགྲེས་པ་ཡིན་ཟེར་རོ།
བཀའ་རྒྱུད་བསོད་ནམས་རྒྱལ་མཚན་གྱི་གསེར་འཕྲེང་ལས་འདི་ཤིང་ཕོ་བྱི་ལོ་པར་མཛད་འདུག། འདི་དང་ཐོག་མཚུངས་ཙམ་ལ་འགོས་ལོ་ཡང་བྱོན་ཏེ། ཁོང་གི་བཀའ་དྲིན་ལས་གསང་འདུས་འཕགས་ལུགས་ཀྱི་རྒྱུད་མན་ངག་རྣམས་དར་བ་ཡིན། འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མགོས་ཁྲི་བཟང་ཡབ་ལྷག་གི་བརྒྱུད་པ་སྟེ། དེ་ཡང་། མགོས་དེའི་སྲས། མགོས་ཁྱུང་རྒོད་རྩལ་དང་། རྡོ་རྗེ་རྩལ་གཉིས་བྱོན་པའི་ཡབ་དང་། ཁྱུང་རྒོད་རྩལ་གྱིས་རྒྱ་འཇམ་དཔལ་གསང་བའི་སྦྱིན་བདག་མཛད། འཇམ་གསང་འདིས་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས། མངའ་བདག་ཁྲི་རལ་སོགས་ཀྱི་བླ་མ་ཡིན།
མགོས་ཁྱུང་རྒོད་རྩལ་གྱི་སྲས། མགོས་རི་སྤྲིན། གཡུང་དཔལ། དོན་རིན་ཤེས་རབ་འཕེལ་བཞིས། རྒྱ་འཇམ་དཔལ་གསང་བའི་སྲས། རྒྱ་ཇོ་སྲས་ཡང་དག་སྐྱབས་སོགས་བཞིའི་སྦྱིན་བདག་མཛད།
མགོས་རི་སྤྲིན་གྱི་སྲས། མགོས་ནས་དར། དོན་རིན། རྒྱལ་རྒྱལ་གསུམ་གྱིས། ཇོ་སྲས་ཡང་དག་སྐྱབས་ཀྱི་སྲས། ཇོ་སྲས་བདུད་འཇོམས་ཀྱི་སྦྱིན་བདག་མཛད།
མགོས་ནམ་དར་གྱི་སྲས། མགོས་གཡུང་དྲུང་སྐྱབས། ཡེ་ཤེས་སྐྱབས། བཙུན་ཆུང་དང་གསུམ་བྱུང་བའི། མགོས་བཙུན་ཆུང་མིང་སྲིང་མཐུན་པ་ལ།