[A:༥༩བ-༣༠༨] ཆེན་པོས་ཆིབས་བསུའི་གདན་འདྲེན་ཆེད་ཇ་དང་བཅས་པ་གནང་བའི་གཞིས་ཁ་ཆེན་པོར་ཕེབས། ཚོགས་པ་ཚོམས་ཆེན་དུ་བཞུགས། སྐུ་ཁྱོས། ཁྱོད་ཀྱི་རྣམ་པ་བུར་སྟོན། འབུལ་བ་སོགས་ཀྱི་གྲབས་ཤོམས་མཛད། འཚོམས་ཚོམས་ཆེན་དུ་མཆོད་ཤོམས་གཞལ་མེད་ཁང་ལྟ་བུའི་བཀོད་པས་མཛེས་པའི་གནས་དམ་པར་མཆོད་ཡོན་བཞུགས་གྲལ་སྒྲིག་པ་གནང་རྒྱུ། མི་དབང་དྲུང་། མ་རུངས་པ་ཁ་ཅིག་གིས་མཇལ་ཁ་ཞུས་པའི་སྐུ་གྲིབ་ཀྱི་རྣམ་པས་ཅུང་ཟད་མཉེལ་བ་ལ། ཆོས་རྗེ་མུས་ཆེན་དྲུང་གིས། མཚལ་རང་ལ་བཞག་ནས་བཙག་མི་ལ་འཚོལ་མི་དགོས། མཁན་ཆེན་རིན་པོ་ཆེ་གཙོ་བོར་གྱུར་བའི་དགེ་འདུན་ཞལ་གྲངས་བརྒྱ་ལྷག་འདུག་པ་རྡོ་རྗེ་རྣམ་འཇོམས་དངོས་ཡིན། ཁོང་རྣམ་པའི་བུམ་ཆུའི་རྒྱུན་ཡང། མཁན་ཆེན་གཙང་པ་དབང་ཕྱུག་གྲགས་ཀྱིས་རྣམ་འཇོམས་མཐིང་ནག་བསྒྲུབ་པའི་བུམ་ཆུ་ཁོལ་མའི་རྒྱུན་ཡིན་པས། སྐུ་ཁྲུས་ཞུས་པ་ཙམ་གྱིས་སྐུ་གྲིབས་སེལ་བར་འགྱུར་བས། ཅིས་ཀྱང་ཚོགས་པ་རྣམས་ཀྱི་སྤྱན་འདྲེན་ལ་ཐེགས་པ་ལེགས་ཞུས་པ་ན། ཚོགས་སུ་སྐུ་ཁྲུས་ཞུ་དགོས་པའི་ཞལ་ཏ་ཕེབས་པ་ལ། དབུ་མཛད་ཆེན་མོ་དཀའ་བཞི་འཛིན་པ་རྒྱལ་བ་དོན་གྲུབ་པས་གཟུངས་ཁྲུས་ཕུལ་བས་དེ་ཀ་མོད་ལ་སྙུན་ལས་གྲོལ་ཏེ། ཚོགས་པས་ཀྱང་ཁ་རུ་སྟེང་