[A:༡༠༨བ-༤༠༦] སོགས་གཙོ་བོར་གྱུར་བའི་བཀའ་དུ་མ་དང། བསམས་ཡས་མཆིམས་ཕུའི་གདན་ས་དཔལ་ཁང་ཆོས་རྗེ་སོགས་མང་དག་ལ། སྒྲུབ་ཐབས་བརྒྱ་ཆ་སོགས་དབང་རྗེེས་གནང་མ་ཚང་བ་མེད་པ་དང། ཀུན་མཁྱེན་རོང་པོའི་བཀའ་འབུམ་ཐོར་བུ་བ། བྱམས་ཆོས་སྡེ་ལྔ་སོགས་ངེས་པའི་དོན་ལས་བརྩམས་པའི་ལུང་བཤད་སྔོན་མེད་པའི་རྣམ་པར་ཐར་བ་ལྟ་བུ། མཁས་གྲུབ་ཆེན་པོ་ཕྲིན་ལས་དབང་ཕྱུག་པ་སོགས། ནཱ་ལནྡའི་དགེ་བའི་བཤེས་གཉེན་གྲངས་མེད་པ་ལ་གནང་ཞིང། བཀའ་འབུམ་ཐོར་བུ་བའི་ཡིག་ཆ་དཀོན་པ་ལ་རྟེན་ནས། ཆོས་རྗེ་ཕྲིན་ལས་དབང་ཕྱུག་པ་ཉིད་ཀྱིས་དཔེ་མང་བར་བསྒྲུབས་ཏེ་མདོ་ཁམས་སུ་བསྲིངས་པས་ལུང་ཁྲིད་ཀྱི་རྒྱུན་མཐའ་རྒྱས་པར་མཛད་ཅེས་གྲག་གོ། གཞན་ཡང་རྗེ་འདི་ཉིད་ཀྱི་ཞབས་ལ་གཏུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་སྨོས་ན། དཔལ་ས་སྐྱ་བའི་གདུང་བརྒྱུད་བདག་ཆེན་ཨ་འབྱམས་པ། ཚོགས་སྡེ་བཞིའི་མཁན་པོ་ལས་ཚོགས་ཆེན་མཁན་པོ་ཡོལ་པ་བློ་གྲོས་བརྟན་པ། གྲུམ་པ་མཁན་ཆེན་པ། དགེ་འདུན་སྒང་གི་མཁན་ཆེན་ནོར་བུ་བ། མཁན་ཆེན་རིན་བཀྲས་པ། མཁན་ཆེན་ངག་དབང་ཀུན་དགའ་ཆོས་འབྱོར། བྱེ་རྫིང་མཁན་ཆེན་རབ་འབྱོར་བ། མཁན་ཆེན་གྲགས་རྒྱལ་བ་རྣམས་དང། གོར་གདོང་མཁན་པོ་རྩེས་ཐང་གི་ཆེན་པོ་ལྷོ་མ་བ་སོགས་བསྟན་པ་མཛེས་པར་