R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༠ན-༢༤༩
[A:༣༠ན-༢༤༩] ༄༅། །གང་གི་ཐུགས་དང་ཞལ་ལ་གནས་པ་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་ལྟར་གྱི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བསོད་ནམས་སེང་གེའི་དྲུང་གིས། དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་བཞིས་སྨིན་པར་མཛད་ནས། གྲོལ་བར་བྱེད་པའི་ལམ་ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་ཞིང། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་ཅིག་པའི་ལམ་མཆོག་མཐར་ཐུག། རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི་འཇུག་ངོགས་སམ་གཤེགས་ཤུལ། ཁམས་དྲུག་ལྡན་པའི་སྐྱེས་བུ་ཆེན་པོའི་གང་ཟག་སྐྱེ་བ་གཅིག་ལ་སངས་རྒྱས་ཉིད་འབྲས་བུ་ཐོབ་པར་བྱེད་པའི་ཉེ་ལམ་མམ་མྱུར་ལམ་ཁྱད་པར་ཅན་རྒྱུད་ཀྱི་རྒྱལ་པོ་དུ་མ་རྣམས་སུ་རྡོ་རྗེའི་ཚིག་ཏུ་སྦས་ཞིང་གསང་བའི་དོན། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་རབ་ཏུ་གསལ་བར་གསུངས་པ། ཤིན་ཏུ་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའི་ལམ་གྱི་རིམ་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ལམ་གྱི་རིམ་པ་ལ་བཀྲི་བར་མཛད་ནས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཚེ་རང་གྲོལ་བའི་ཚུལ་བསྟན། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབེན་ས་གསུམ་གྱི་