[A:༡༦༢]དཔའ་ཞིང་མཛངས་ལ་ཡངས་པའི་བློ་གྲོས་ཅན་འཇིག་རྟེན་གྱི་མེས་པོ་ལྟ་བུར་བྱེད་ཅིང༌། དུས་ཕྱིས་དཔལ་ལྡན་ས་སྐྱ་པའི་ཟབ་དོན་རྣམས་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས། གཽ་རཱི་ལ་སོགས་པ་ཀྱེ་རྡོར་ལྷ་དགུའི་དཀྱིལ་འཁོར་ལྷ་ཚོགས་བདག་ཉིད་ཀྱིས་བསྒོམས་པ་ན་རེག་མཐོང་གི་མཚན་མ་ཐོབ་པའི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན་པ་དང༌། འོད་གསལ་གྱི་རྟགས་སྣང་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་འཁྲུངས་པ་སོགས་རྒྱུད་སྡེ་ནས་བཤད་པའི་ས་ལམ་གྱི་རྟགས་ཁྱད་པར་ཅན་ཐོབ་ཅིང་རང་གི་རྟོགས་བརྗོད་མགུར་དུ་བཞེས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་བ་འདི་ནི་བདག་ཉིད་ཆེན་པོ་འདིའི་ཡབ་ཡིན་ལ། ཡུམ་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་བརྒྱུད་པ། ས་སྐྱ་པའི་དཔོན་ཆེན་དཔལ་འབུམ་བཟང་པོ་ནས་རིམ་བཞིན་བརྒྱུད་དེ། དྲུང་ཆེན་ཧོར་པ་དང་ཏཱའི་གུ་ཤྲི་ཡོན་ཏན་རྒྱ་མཚོ་སྐུ་མཆེད་གཉིས་ལས། ཕྱི་ལྟར་ན་ཧོར་པའི་སྲས་མོར་བྱེད་ཅིང༌། དོན་ལ་རིག་སྔགས་འཆང་ཆེན་པོ་ཏཱའི་གུ་ཤྲི་བའི་སྲས་མོ་བྱང་སེམས་དབང་མཆོག་རྒྱལ་མོའམ། བཀྲ་ཤིས་རྒྱལ་མོར་གྲགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མཚན་དང་ལྡན་པ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་ཀྱིས་ཀླུབས་ཤིང་དད་པ་དང་གཏོང་བའི་ཕུལ་དུ་ཕྱིན་པ་སྐྱེ་འཆི་ལ་རང་དབང་ཐོབ་པའི་ལོ་རྒྱུས་དང་ལྡན་པ་དེ་ནི་རྗེ་འདིའི་ཡུམ་ཡིན་ཞིང༌། ཡབ་ཡུམ་དེ་གཉིས་ལ་རིགས་ཀྱི་སྲས་ལྕམ་སྲིང་བརྒྱད་བྱུང་བའི་ནང་ནས་རྗེ་འདི་ཉིད་ཕུ་བོ་བགྲེས་པ་ཡིན་ནོ། །རྗེ་འདི་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་ཇི་སྲིད་མ་བལྟམས་ཀྱི་བར་དུ་ཡུམ་ཟོ་མདོག་ལེགས་ཤིང་སྐུ་ལུས་ཐམས་ཅད་བདེ་བས་ཁྱབ་