[A:༡༦༦]ལོ་དྲུག་པ་ལ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཨེ་ཝཾ་པ་ཀུན་དགའ་བཟང་པོའི་དྲུང་དུ་མཇལ་ཞིང༌། མི་ཕྱེད་པའི་དད་པ་ཐོབ་དབང་བསྐུར་ལུང་རྗེས་གནང་འགའ་གསན། བདག་ཅིས་ཀྱང་བཙུན་པ་ཞིག་བྱེད་ཞུས་པས། ཁྱོད་དེང་སང་རྡོ་རིང་པའི་བུ་གཅིག་པོ་ཡིན་པས་བཙུན་པ་བྱེད་རྒྱུ་མི་ཡོང༌། རྗེས་སུ་སྤུན་ཟླ་འདྲ་བྱུང་བ་དང་བཙུན་པ་གྱིས། ས་སྐྱ་པའི་ལམ་འབྲས་པ་ཆེན་པོ་ཞིག་འོང༌། སྐྱེ་བ་སྔ་མ་ལའང་ངའི་གྲྭ་པ་ཞིག་གི་སྐྱེ་བ་ཡིན་པ་འདྲ་གསུང་བ་སོགས་བུ་གཅིག་པའི་མ་ལྟར་ཐུགས་བརྩེ་བ་ཆེན་པོས་སྐྱོང་བར་མཛད་ཅིང་ཐུགས་ཡིད་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ཏོ། །མ་ལུས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན། །ངུར་སྨྲིག་བླ་གོས་འཆང་བའི་ཨེ་ཝཾ་པ། །བྱང་ཕྱོགས་རྡོ་རྗེ་ཐེག་པའི་ཟབ་དོན་གྱི། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་འདྲེན་པ་དེའི། །ཞབས་སེན་པདྨོ་གསར་པའི་ལན་ཚར་གྱིས། །ཁྱོད་གཙུག་ནོར་བུའི་ཅོད་པན་རབ་བཅིངས་ནས། །དད་གུས་རླབས་ཕྲེང་གཡོ་བའི་ཆུ་ཀླུང་སྟོང༌། །མགོན་དེའི་ཐུགས་ཀྱི་རྒྱ་མཚོར་གཅིག་ཏུ་འདྲེས། །རབ་དཀར་ཞལ་གྱི་བུམ་བཟང་ནས། །ལུང་བསྟན་དམ་ཆོས་བདུད་རྩིའི་རྒྱུན། །ཁྱོད་བློའི་སྙིམ་པས་རབ་གསོལ་བས། །སྐལ་བཟང་ལང་ཚོ་ཅི་ཡང་བལྟམས། །དྲག་པོའི་གཙུག་རྒྱན་ལྷ་ཡི་མེ་ལོང་ནི། །ཕྲ་ཡང་རི་དྭགས་མཚན་མ་བཀྲ་བ་ལྟར། །གཞོན་ནུ་ཉིད་ནས་དེ་ཡི་ཐུགས་མཚོ་ལ། །ཆོས་སྲུང་རྒྱ་མཚོའི་སྣང་བརྙན་བགྲང་ཡས་ཤར། །དེ་ལྟར་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དང་སྐུ་སྐྱེ་བ་སྔ་མ་ཞིག་གི་དཔོན་སློབ་ཀྱི་འབྲེལ་བས་ཐུགས་མི་ཕྱེད་པའི་དད་པ་ཐོབ་