[A:༡༧༣] ཕྱིར་ཕེབས་ཁར་དེང་སང་སངས་རྒྱས་ཀྱི་བསྟན་པ་ནུབ་ཏུ་ཉེ་བར་སོང༌། བསྟན་པ་འཛིན་པའི་སྐྱེས་བུ་དམ་པའང་ཤིན་ཏུ་དཀོན་པར་འདུག་པས། ཞབས་དྲུང་ནས་སྔར་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་ཏུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཐུགས་ཀྱི་ཁུར་ཆེ་བ་ཅིས་ཀྱང་བཞེས་དགོས་ཤིང་བདག་ཀྱང་རབ་བྱུང་བསྙེན་རྫོགས་ཤིག་བསྒྲུབ་པའི་མཁན་པོ་ཞུ་ཞིང༌། སྐུ་འདུན་ལ་གསུང་ངག་སློབ་བཤད་ལོ་འཁོར་མར་གྲགས་པ་ཞིག་བཞུགས་ཡོད་འདུག་པས། དེ་སོགས་གསུང་ཆོས་ཀྱི་བཀའ་དྲིན་ཀྱང་ཚད་མེད་པ་སྐྱོང་དགོས་ཞུ་བའི་སྙན་གསན་ཕུལ་བས། ནང་པ་ངོ་མཚར་ཆེ་དེང་སང་དགེ་བའི་བཤེས་གཉེན་དུ་རློམ་པ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་བསྟན་པ་ལ་བསམ་དགོས་ཟེར་མཁན་དཀའ་བ་འདུག །ཁྱེད་གཞིས་ཀ་རིན་སྤུངས་པའི་དབྱིངས་ཆེ་ས་རང་ན་ཕེབས་འདུག་པས་མ་ཐུབ་པ་ཡོང་ངམ། འབྱོན་ཐུབ་པ་ཤར་ན་ངེད་ཀྱིས་ཁྱེད་རང་གསུང་བ་ལྟར། ཅིས་ཀྱང་བགྱིད་གསུང་བའི་ཞལ་བཞེས་བཟང་པོ་ཕེབས་པ་བཞིན་མི་ཕྱེད་པའི་དད་པས་ཐུགས་དྲངས་ཤིང་བརྩོན་པའི་ཤུགས་བསྐྱེད་ནས་ངང་པ་པདྨའི་མཚོ་ལ་སྙེག་པ་ལྟར། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོ་ག་ལ་བ་དེར་ཕེབས་ཏེ། མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་བདག་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་དང༌། སློབ་དཔོན་འདུལ་བ་འབུམ་སྡེས་གང་གི་མགྲིན་པར་བརྒྱན་པའི་བཙུན་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ལྷ་བཙུན་པ་དང༌། གཞན་ཡང་གསངས་ཏེ་སྟོན་པ། གྲིབ་ཚོད་པ། ཁ་བསྐོང་བར་འོས་པའི་དགེ་