[A:༡༧༦]ཐམས་ཅད་ཁྱེར་ནས་ས་སྐྱ་ཕྱོགས་སུ་འཕུར་འགྲོ་བ་སོགས་ཆོ་འཕྲུལ་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་བཞིན་དུ་ཕྱགས་ཕྱི་བ་དེ་ལའང་བྱུང་ནས། ཁོ་ན་རེ་ད་ཅིས་ཀྱང་ས་སྐྱ་ལ་བྱོན་པ་དྲག །མི་འབྱོན་ན་ངས་ཕྱགས་ཕྱི་ལ་སྡོད་མི་ནུས་པར་འདུག་ཟེར་བ་ཞུས། དེ་ནས་གློ་བུར་དུ་ཆས་རྡོ་རིང་སོགས་རིམ་པར་བརྒྱུད་དཔལ་ལྡན་ས་སྐྱར་ཕེབས། བདག་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ་མཇལ། ཕྱག་རྫས་ཀྱི་དངོས་པོ་རྣམས་འཁོར་གསུམ་ཡོངས་སུ་དག་པས་ཕུལ། བདག་ཉིད་བྱ་བྲལ་ཁོ་ན་ལ་ཐུགས་གཏད། ཐུགས་ཡིད་གཅིག་ཏུ་འདྲེས། རྗེའི་གསུང་ནས་དེང་སང་ལམ་འབྲས་ཚོགས་བཤད་ཟླ་བ་བཞི་པ་ཞིག་འཛུགས་པ་ཡོད་པས་འདི་གསན། དེ་ནས་ཁྱེད་རང་གི་སྔར་སོར་གསུང་བའི་ཆོས་རྣམས་འོང་བར་བྱེད་གསུང་པ་ལྟར་གསུང་ངག་ཚོགས་བཤད་ཚར་གཅིག་ཐོག་མར་གསན། དེ་རྗེས་ཕྱགས་ཕྱིར་མཐིལ་བཞུགས་མཛད། ལུགས་གཉིས་ཀྱི་བཀའ་སྒྲུབ་པའི་ཁུར་བཞེས། ཇི་ལྟར་ཚོང་དཔོན་གྱི་བུ་གཞོན་ནུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ལམ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་བསྟེན་པ་ལྟར། རྩེ་གཅིག་ཏུ་ལྷུར་མཛད་པས། ལམ་ཟབ་བླ་མའི་ལམ་གྱི་རྟེན་འབྲེལ་མཐའ་དག་རང་ཤུགས་ཀྱིས་འགྲིག་སྟེ། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་པའི་ཐུགས་ཀྱི་བཅུད། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་ཚད་མ་སྙན་བརྒྱུད་བཞི་ལྡན་བར་མ་ཆད་པར་བཞུགས་པའི་ཉམས་བཞེས་ཀྱི་གཙོ་བོ་རྗེ་ཉིད་ལ་བརྒྱུད་པ་གསུམ་གྱི་ཆུ་བོ་གཅིག་ཏུ་འདུས་ཤིང༌། ཁྱད་པར་རྗེ་སེམས་དཔའ་ཆེན་པོས་གཞན་ལ་ཆེར་མ་གནང་