[A:༡༧༩]མཚན་གསུམ་ལ་གསན་པའི་མན་ངག་མཐའ་དག་དང༌། རྗེ་ངོར་པ་ནས་བརྒྱུད་པ་བདག་ཆེན་ཀུན་དགའ་དབང་ཕྱུག་པ་ལ་གསན་པ་སོགས་བུམ་པ་གང་བྱོ་ཞུས། ནག་པོ་ཆེན་པོ་གདོང་བཞི་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ། དེ་དང་རྗེས་སུ་འབྲེལ་བའི་རྒྱ་བོད་ཀྱི་ཡི་གེ་མང་པོའི་ལུང་ཞལ་ཤེས་ལག་འཁྲིད་དང་བཅས་པ། དཔལ་ལྡན་ས་སྐྱ་པའི་གསེར་ཆོས་དམར་པོ་སྐོར་གསུམ་དུ་གྲགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཡི་གེའི་ལུང་མཐའ་དག་སོ་སོའི་ཞལ་ཤེས་འཁོར་ལོའི་ལག་འཁྲིད་དང་བཅས་པ་ཚང་མར་གསན། དཔལ་དུར་ཁྲོད་ཀྱི་བདག་པོའི་རྗེས་གནང༌། ཡིག་ལུང༌། དཀར་མོ་ཉི་ཟླ་དང༌། བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྗེས་གནང༌། ཡིག་ལུང་སོགས། མདོར་ན་དཔལ་ལྡན་ས་སྐྱ་པའི་ཟབ་ཆོས་སུ་གྲགས་པ་ཕལ་མོ་ཆེ་གསན་པར་མཛད་ཅིང༌། ཁྱད་པར་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གསུང་ནས། མགོན་པོའི་ཐུན་མོང་མ་ཡིན་པའི་མན་ངག་འདི་རྣམས་གདུང་བརྒྱུད་རིམ་པར་དེད་ཀྱི་བར་ཆིག་བརྒྱུད་དུ་བྱོན་པ་ཡིན། ད་དུང་ཀྱང་གདུང་བརྒྱུད་ཞིག་ལ་སྤེལ་བའི་འདུན་པ་བྱས། བདག་པོ་བསོད་ནམས་རྒྱལ་མཚན་པ་ས་སྐྱར་གདན་དྲངས་པ་ཡིན་ནའང༌། གནས་ཚུལ་དེ་བཞིན་བྱུང་བ་སོགས་ཁྱེད་རང་གི་བསོད་ནམས་སུ་འདུག །ད་ཁྱོད་ལས་གཞན་འོས་མི་འདུག་གསུང་ནས་བཀའ་རྒྱ་དང་བཅས་ཏེ་གནང་བ་ཡིན་ནོ། །མ་ལུས་རྒྱལ་བའི་བློ་གྲོས་ཆུ་མཚོ་ལས། །ལེགས་འོངས་བཤེས་གཉེན་ཡིད་བཞིན་དབང་གི་རྒྱལ། །མཁས་གྲུབ་བྱེ་བའི་གཙུག་གི་རྒྱལ་མཚན་རྩེར། །མངོན་པར་མཆོད་པའི་རྗེ་བཙུན་