R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༤༦
[A:༢༤༦]ཡང་ཚེ་རིང་ནད་དང་བྲལ། །ཆོས་ལྡན་ལོངས་སྤྱོད་འཁོར་སློབ་ཕྱོགས་བཅུར་རྒྱས། །སྟོབས་དང་དབང་ཕྱུག་འགྲན་པའི་ཟླ་བྲལ་བས། །ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ་བར་ཤོག །བརྩེ་ཆེན་དཔལ་ལྡན་བླ་མའི་བྱིན་རླབས་དང༌། །གསང་ཆེན་རྒྱུད་སྡེ་ཟབ་མོའི་བདེན་ཚིག་དང༌། །མཐུ་ཆེན་དམ་ཅན་རྒྱ་མཚོའི་འཕྲིན་ལས་ཀྱིས། །རླབས་ཆེན་སྨོན་ལམ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྤྱིར་དམ་པ་འདིའི་རྣམ་ཐར་མཐའ་དག་ནི་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པར་གོང་དུ་བརྗོད་པ་དག་གིས་གྲུབ་པ་དང༌། ཁྱད་པར་རྗེ་ཉིད་ཞལ་བཞུགས་དུས་གསོལ་བ་བཏབ་པའི་གསུང་ལས་ཀྱང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་ངེད་དཔོན་སློབ་ཀྱི་རྣམ་ཐར་སུ་བྱུང་གི་བློ་ཡུལ་དུ་ཤོང་བ་མེད་གསུང་བས། བདག་ལྟ་བུ་བློ་གྲོས་ཆུང་ཞིང་སྦྱངས་པ་ཞན་ལ་བརྗེད་ངེས་པས་ཇི་ལྟ་བ་བཞིན་བརྗོད་ནུས་པའི་སྤོབས་པ་མ་མཆིས་ཤིང༌། ཞལ་སློབ་མཁས་པ་དང་གྲུབ་པའི་དབང་ཕྱུག་དུ་མ་བཞུགས་པ་རྣམས་ཀྱིས་མཛད་པ་འོས་སུ་འདུག་པས། མཛད་གྲུབ་པ་ཞིག་འོང་ངམ་སྙམ་སྒུགས་སྡོད་ཡུན་རིང་པོའི་ངང་དུ་གནས་ཀྱང་གྲུབ་པར་མ་ཐོས་པའི་འཚམས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཅུང་ཟད་བསྐུལ་བའི་མཚན་ལྟས་ཀྱང་འདུག་ཅིང་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པའི་རྣམ་ཐར་གྱི་ཁ་སྐོང་དང༌། སྐལ་བ་དང་ལྡན་པའི་གང་ཟག་དག་གི་རྒྱུད་ལ་ཡེ་ཤེས་ཀྱི་བྱིན་རླབས་འཇུག་པའི་མཚམས་སྦྱོར་དུ་བསམས་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་གཙུག་གིས་བསྟེན་ཅིང་བཀའ་དྲིན་ཆེན་པོས་འཚོ་བའི་བཀའ་འབངས་སྤོང་བ་པ། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རྗེ་བཙུན་ཆེན་པོས་བྱིན་གྱིས་རླབས་པའི་གནས་