[A:༧ན - ༨ན]༄༅། །བོད་དུ་ཤིན་ཏུ་ཆེ་བར་གྲགས་པའི་རྒྱང་གི་སྐུ་འབུམ་ཆེན་མོ་བཞེངས། ང་དྲུག་པ་ས་ཕོ་བྱི་བ་ལ་ལྷ་འཚེར་གཤེགས་སོ། དེ་ལ་སྲས་གཅིག་འཁྲུངས་པ་ནི། སློབ་དཔོནན་ཆེན་པོ་བདེ་ལེགས་བཀྲ་ཤིས་པ་ས་ཕོ་བྱི་བའི་ལོ་ལ་འཁྲུངས་བརྒྱ་བཅུ་རྩ་དྲངས་ལ་གཤེགས་སོ། དེ་ལ་སྲས་བཞི་བྱོན་པའི་ཆེ་བ་སློབ་དཔོན་བསོད་ནམས་རྒྱལ་མཚན་པ། གཉིས་པ་སློབ་དཔོན་བསམ་གྲུབ་རྒྱལ་མཚན་པ། གསུམ་པ་སློབ་དཔོན་ཆེན་པོ་དོན་གྲུབ་རྒྱལ་མཚན་པ། བཞི་པ་སློབ་དཔོན་ཤཀྱ་རྒྱལ་མཚན་རྣམས་ད་ལྟ་བཞུགས། གཅེན་གསུམ་གདན་ས་ཆེན་མོར་ཆེ་འདོན་མཛད་པ་སོགས་སྐུ་ཆེ་བའི་ཡོན་ཏན་མངའ། དེ་རྣམས་ལྷ་ཁང་བླ་བྲང་བའི་གདུང་རབས་སོ།། བླ་མ་བདག་ཉིད་ཆེན་པོའི་བཙུན་མོ་ལྔ་པ་མ་གཅིག་ཉི་མ་རིན་ཆེན་ལ་སྲས་གཉིས། ལྕམ་གཅིག་དང་གསུམ་འཁྲུངས་པའི་གཅེན་སློབ་དཔོན་ཆེན་པོ་ཉི་མ་དཔལ་གཞོན་ནུ་ལ་གཤེགས། ཆུང་བ་ས་ལེན་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ་ཡབ་ཞེ་བདུན་པ་ས་ཕོ་སྤྲེའུ་ལ་འཁྲུངས། འདི་དང་ཏི་ཤྲི་ཀུན་དགའ་ལེགས་འབྱུང་གུང་རྟ་གཅིག། ཡབ་མེས་ཀྱི་ཆོས་ལ་སྦྱངས་ཏེ་ཆོས་གསུངས། དབང་གི་མཚན་གསེར་གི་དམ་ཁ་ཆེན་མོ་ཤེལ་གྱི་ཐོགས་ཤུགས་དང་བཅས་པ་གནང། བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག། ཉི་ཤུ་རྩ་དགུ་པ་མེ་མོ་བྱི་བ་ལ་གཤེགས། དེ་ལ་སྲས་གསུམ་གྱི་ཆེ་བ་སློབ་དཔོན་བསོད་ནམས་བློ་གྲོས་ཆུ་ཕོ་སྤྲེའུ་ལ་འཁྲུངས། གུང་ལོ་བརྒྱད་ལ་རྟག་རྙི་ནས་ནས་གསུངས། ཆོས་རྗེ་བླ་མའི་དྲུང་དུ་རབ་བྱུང་བསྙེན་རྫོགས་མཛད། བླ་མ་མཁས་བཙུན་ཆེན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན། ཆོས་རྗེ་བླ་མ། དཔང་ལོ་ཙཱ་བ། ཆོས་རྗེ་བྲག་ཕུག་པ། བུ་སྟོན་ཁ་ཆེ་རྒྱལ་སྲས་ཐོགས་མེད། བླ་མ་དཔལ་ལྡན་སེང་གེ་སོགས་རྟེན་ནས་མདོ་རྒྱུད་བསྟན་ཆོས་ལུང་མན་ངག་དཔག་ཏུ་མེད་པ་ལ་སྦྱངས། ཆོས་རྗེ་བླ་མས་རིན་ཆེན་སྒང་གི་གདན་ས་ལ་བསྐོས། བོ་དོང་ཨེ། རྟ་ནག་རི་ཁུད། ཤ་ས་བསྲེ་ཤིང། རྟག་ཚང་རྫོང་ཁང། བསམ་ཡས། སྙེ་ཐང། ཆོས་རྫོང་སོགས་མདོ་སྔགས་ཀྱི་འཆད་ཉན་དཔག་མེད་མཛད། དེའི་སྐབས་སུ་གོང་མས་གདན་དྲངས་ཏེ་གོང་ལ་ཕེབས། ཏི་ཤྲི་མཛད། སོ་གཅིག་པ་ཆུ་ཕོ་སྟག་ལ་མེ་ཏོག་ར་བར་གཤེགས་སོ། བར་པ་དེ་གཞོན་ནུ་ལ་གཤེགས། དེའི་གཅུང་ས་ལེན་དབང་གྲགས་པ་རྒྱལ་མཚན་མེ་ཕོ་བྱི་བ་ལ་སྟག་ཚང་རྫོང་ཁར་དུ་འཁྲུངས། ཆོས་རྗེ་བླ་མ། གཅེན། རྒྱལ་བ་བྲག་ཕུག་པ། མཉམ་མེད་ཆེན་པོ་སོགས་བླ་མ་མང་དུ་བསྟེན། ཡབ་ཆོས་ལ་སྦྱངས་ཆོས་ཚུལ་མང་དུ་གསན། རྟག་གཉིས་གཡུ་ཐོག་ཆོས་ཁྲིར་གསུངས། གོང་ནས་དབང་གི་མཚན་གསེར་དམ་ཐོག་ཤུགས་དང་བཅས་གནང། ལྷ་ཁང་བརྟེན་གསུམ་བཞེངས་པ་དང། དགེ་འདུན་གྱི་ཞབས་རྟོག་མང་དུ་མཛད། སྐུ་སྐྱེད་མན་ལ་སྟག་ལྤགས་ཀྱི་རི་མོའི་ཤ་མཚན། སྐུའི་རྣམ་འགྱུར་རྣལ་འབྱོར་དབྱུག་གི་རྣམ་པ་དང་འདྲ། ཞེ་གསུམ་པ་མེ་མོ་སྦྲུལ་ལ་གཤེགས་སོ།